![]() |
| མཛད་པ་པོ། དོལ་པོ་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་ཡེ་ཤེས། |
༈ ཀུན་རྫོབ་བསླུ་བ་མེད་པའི་རྟེན་འབྲེལ་དང་།།
དོན་དམ་སྤྲོས་པ་བྲལ་བའི་བདེན་པ་གཉིས།།
བརྩེ་བས་འདོམས་ལ་ཁྱད་པར་མ་མཐོང་བས།།
ཆོས་བོན་སྟོན་པ་གཉིས་ལ་སྙིང་ནས་དད།།
འདིར་ཏྲེ་ཧོར་དགེ་བཤེས་སོགས་མདོ་སྔགས་བཤད་གྲྭ་ཆེན་མོར་རྙིང་བོན་གཉིས་ཀྱི་ཐེག་པ་རིམ་དགུ་དང་འབྲེལ་བའི་དྲི་བ་རྣམས་སྟབས་ཅིག་ཏུ་དྲིལ་ཏེ་ཞུས་ན།
༡༽རྙིང་བོན་གྱི་ཐེག་པ་རིམ་དགུ་ངོས་བཟུང་བ།
༢༽རྙིང་བོན་ཕན་ཚུན་འདྲ་བ།
༣༽རྙིང་བོན་ཕན་ཚུན་མི་འདྲ་བ།
༤༽ས་བཀའ་ཇོ་དགེ་བཞི་དང་འདྲ་བ།
༥༽ཟུར་བརྗོད།
༡༽རྙིང་བོན་གྱི་ཐེག་པ་རིམ་དགུ་ངོས་བཟུང་བ།
སྤྱིར་བོན་ལ་ཐེག་པ་རིམ་དགུའི་རྣམ་གཞག་འཇོག་ལུགས་གསུམ་ཡོད།དེ་དག་ཀུན་གྱི་གོ་དོན་མི་ཤེས་ཀྱང་རྣམ་གྲངས་ཙམ་ཞུས་ན།
དང་པོ་ལྷོ་གཏེར་གྱི་ཐེག་པ་རིམ་དགུ།
༡ཕྱཱ་གཤེན་གྱི་ཐེག་པ།
༢སྣང་གཤེན་གྱི་ཐེག་པ། ༣འཕྲུལ་གཤེན་གྱི་ཐེག་པ། ༤སྲིད་གཤེན་གྱི་ཐེག་པ།
༥དགེ་བསྙེན་གྱི་ཐེག་པ། ༦དྲང་སྲོང་གི་ཐེག་པ། ༧ཨ་དཀར་གྱི་ཐེག ༨ཡེ་གཤེན་གྱི་ཐེག་པ།
༩ཡང་རྩེ་བླ་མེད་ཀྱི་ཐེག་པ་དང་དགུའོ།།
ལྷོ་གཏེར་རིམ་དགུ་འདི་ནི། གཏེར་ཁ་གཞན་གཉིས་དང་བསྡུར་ན་རྣམ་གཞག་དང་གཞུང་ལུགས་རྣམས་རྒྱས་ཤོས་ཡིན་སྐད་ཐོས།
ལྷ་གཏེར་ཟེར་དོན་ཡང་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་བསམ་ཡས་དབུས་སུ་བྱས་པའི་ལྷོ་ཕྱོགས་འབྲིག་མཚམས་མཐའ་དཀར་ནས་སྤྱི་ལོ་
༡༠༡༧ ལོར་གཏེར་ནས་སྤྱན་དྲངས་པ་ལ་ལྷོ་གཏེར་ཟེར།
གཉིས་པ་བྱང་གཏེར་གྱི་ཐེག་པ་རིམ་དགུ།
༡སྣང་ལྡན་གྱི་ཐེག་པ།
༢རང་ལྡན་གྱི་ཐེག་པ། ༣བཞད་ལྡན་གྱི་ཐེག་པ། ༤ཐོ་ཐོའི་ཐེག་པ། ༥ཕྱི་མཐོའི་ཐེག་པ།
༦ཡ་ཐོ་མཐོའི་ཐེག་པ། ༧ལྷ་རྩེའི་ཐེག་པ། ༨སྣང་རྩེའི་ཐེག་པ། ཡང་རྩེའི་ཐེག་པ་དང་དགུའོ།།
འདི་དག་གི་རྣམ་གཞག་དང་གཞུང་ལུགས་ཐེག་རིམ་གཞན་གཉིས་ལས་ཉུང་ཤོས་ཡིན་སྐད་ཐོས།
བྱང་གཏེར་ཟེར་དོན་ཡང་གྱེར་མི་ཉི་མ་འོད་ཟེར་དང་རྨ་སྟོན་སྲིད་འཛིན་གཉིས་ཀྱིས་སྤྱི་ལོ་
༡༡༠༨
ལོར་བོད་ཡུལ་བསམ་ཡས་དབུས་སུ་བྱས་པའི་བྱང་དྭང་ར་ཁྱུང་རྫོང་ནས་སྤྱན་དྲངས་པ་ལ་བོན་གཏེར་ལ་བྱང་གཏེར་ཟེར།
གསུམ་པ་དབུས་གཏེར་གྱི་ཐེག་པ་རིམ་དགུ།
༡ལྷ་མི་གཞན་བརྟེན་གྱི་ཐེག་པ།
༢རང་རྟོགས་གཤེན་རབ་རང་རྒྱལ་གྱི་ཐེག་པ། ༣ཐུགས་རྗེ་སེམས་དཔའི་ཐེག་པ།
༤གཡུང་དྲུང་སེམས་པའི་ཐེག་པ། ༥བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ།
༦རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། ༧དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ།
༨ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ། ༩ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་དང་དགུའོ།།
འདི་དག་གི་རྣམ་གཞག་དང་གཞུང་ལུགས་གཞན་གཉིས་ལས་འབྲིང་ཙམ་ཡོད་སྐད་ཐོས།གུས་པས་རྒྱུད་རྩ་འགྲེལ་གཉིས་པོ་མཇལ་མྱོངས་ཡོད།དབུས་གཏེར་ཟེར་དོན་ཡང་ལོ་ཆེན་བཻ་རོ་ཙ་ནས་གཏེར་དུ་སྦས་ནས་ཕྱིས་སུ་སྤྱི་ལོའི་དུས་རབས།༡༠པའི་སྨད་དུ་སུམ་པ་དབང་ཚུལ་དང་།རྐྱང་པོ་གྲགས་པ་དབང་ཕྱུགའབྲི་ཤེས་རབ་བླ་མ་གསུམ་གྱིས་བོད་ཡུལ་དབུས་བསམ་ཡས་ནས་སྤྱན་དྲངས་པའི་བོན་གཏེར་ལ་དབུས་གཏེར་ཟེར།གཏེར་སྟོན་གསུམ་པོར་བན་སྡེ་མི་གསུམ་ཡང་ཟེར།
རྙིང་མའི་ཐེག་པ་རིམ་དགུ་ནི།
༡ཉན་ཐོས།
༢རང་རྒྱལ། ༣བྱང་སེམས་གསུམ་པོ་མཚན་ཉིད་ཀྱི་ཐེག་པ་གསུམ། ༤བྱ་རྒྱུད། ༥སྤྱོད་རྒྱུད། ༦རྣལ་འབྱོར་གྱི་རྒྱུད་དེ་སྔགས་ཕྱི་པའི་ཐེག་པ་གསུམ།
༧མ་ཧཱ་ཡོ་ག ༨ཨ་ནུ་ཡོ་ག ༩ཨ་ཏི་ཡོ་ག་སྟེ་ནང་རྒྱུད་ཀྱི་ཐེག་པ་གསུམ་དང་དགུའོ།།
༢༽རྙིང་བོན་གྱི་ཐེག་པ་ཕན་ཚུན་འདྲ་བ།
བོན་གྱི་ཐེག་པ་རིམ་དགུ་བརྩི་ཚུལ་ལ་ལྷོ་བྱང་དབུས་གསུམ་ཡོད་པ་ལས། དབུས་གཏེར་རིམ་དགུ་དེ་དང་རྙིང་མའི་རིམ་དགུ་བརྒྱ་ཆ་ནས་
༧༠ འདྲ་བ་ཡོད་ཀྱང་། ཕྱོགས་ཀུན་ནས་གྲངས་འདྲེན་ཚུལ་མི་འདྲ།
དེ་ཡང་བོན་གྱི་དབུས་གཏེར་རིམ་དགུ་ནི།
རྫོགས་སྐུའམ་ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་རྒྱུད་༼ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་༽ཅེས་པ་བརྡའི་སྒོ་ནས་བསྟན་པ་དེ་ཉིད་ལ་འགྲེལ་བ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོས་༼འཕྲུལ་གྱི་མེ་ལོང་དགུ་སྐོར་༽ཞེས་པ་དེ་གསུངས།
རྩ་འགྲེལ་དེ་དག་ལས་བསྟན་པའི་བོན་གྱི་དབུས་གཏེར་རིམ་དགུ་ལས་༡ལྷ་མི་གཞན་བརྟེན་གྱི་ཐེག་པ་ནི་འཇིག་རྟེན་པའི་ཐེག་པ་ཙམ་ལས་ལྟ་སྤྱོད་ཕུན་ཚོགས་ཅན་ཞིག་མིན་པར་བཤད་པ།
༢རང་རྟོགས་གཤེན་རབ་ཀྱི་ཐེག་པ་ནི་ཆོས་པའི་རང་རྒྱལ་ཐེག་པ་དང་འདྲ།
དབང་རྟུལ་ནེ་ཙོ་དང་དབང་རྣོན་བསེ་རུ་ལྟ་བུ་དང་།
ལྟ་བ་གཟུང་བ་ཙམ་མེད་པར་རྟོགས་པའི་རྣམ་གཞག་སོགས་ཆོས་བོན་གཉིས་འདྲ།
ཐེག་པ་འདི་གཉིས་ཐེག་དམན་ཡིན། ཐེག་པ་ཆེ་ཆུང་གི་ཁྱད་པར་ནི།
བོན་གཞུང་ཡེ་ཁྲི་ལ་ཟླ་ལས།ཐེག་པའི་ངོ་བོ་བསྟན་པ་ནི། །ཤེས་རབ་དང་ནི་སྙིང་རྗེ་ཡིན།
།དོན་གཉིས་ཆེ་ན་ཐེག་པ་ཆེ། །དོན་གཉིས་ཆུང་ན་ཐེག་པ་ཆུང་།
།ཞེས་གསུངས་པ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་ཡོད་མེད་ཀྱིས་ཐེག་པ་ཆེ་ཆུང་དུ་འདོད་པ་རྣམས་ཆོས་བོན་མཚུངས།
ཐེག་པ་ཆེན་པོའི་ནང་གསེས་༣ཐུགས་རྗེ་སེམས་དཔའི་ཐེག་པ་ནི་ཆོས་པའི་སེམས་ཙམ་དང་འདྲ།
ཕྱི་དོན་མེད་པར་གཟུང་འཛིན་གཉིས་སྟོང་དོན་དམ་དུ་བཞེད་པ་ཆོས་བོན་གཉིས་འདྲ།
༤གཡུང་དྲུང་སེམས་པའི་ཐེག་པ་ནི་དབུ་མ་དང་ཆོས་མཚུངས།
འདི་ལ་རང་རྒྱུད་པ་དང་ཐལ་འགྱུར་གཉིས་དང་མཚུངས་པ་རོལ་པ་སྐྱེ་མཆེད་ལྟར་སྣང་བ་དང་མཚན་མ་ཀུན་བྲལ་ཅིར་མི་གནས་པ་གཉིས་ཡོད།
འདི་གཉིས་ཀྱི་ཁྱད་པར་ནི། དགག་བྱ་བདེན་གྲུབ་འགོག་པར་འདོད་པ་མཐུན་ཀྱང་རང་བཞིན་གྱིས་གྲུབ་པ་འདོད་མི་འདོད་ཀྱིས་ཁྱད་པར་འབྱེད་སྟངས་གཅིག་མཚུངས་ཡིན།
བོན་གྱི་ཐེག་པ་རིམ་དགུར་དབུ་སེམས་ལོགས་སུ་ཕྱེ་ནས་ཐེག་པ་རིམ་དགུའི་ནང་དུ་འདྲེན་ཀྱང་རྙིང་མས་དེ་གཉིས་བྱང་སེམས་ཀྱི་ཐེག་པ་གཅིག་ཏུ་བརྩི།
༥བྱ་བ་གཙང་སྤྱོད་ཀྱི་ཐེག་པ་ནི་ཆོས་པའི་རྒྱུད་སྡེ་བཞིའི་དང་པོ་ཀྲི་ཡ་ཏནྟྲ་སྟེ་བྱ་རྒྱུད་དང་འདྲ།
༦རྣམ་པ་ཀུན་ལྡན་གྱི་ཐེག་པ་ནི་ཆོས་པའི་རྒྱུད་སྡེ་གཉིས་པ་ཨུ་པ་ཏནྟྲ་སྟེ་སྤྱོད་རྒྱུད་འདྲ།
༧དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་ནི་ཆོས་པའི་རྒྱུད་སྡེ་གསུམ་པ་ཡོ་ག་ཏནྟྲ་སྟེ་རྣལ་འབྱོར་རྒྱུད་དང་མཚུངས།
༨ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་ནི་ཆོས་པའི་རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་མེད་དང་དོན་གཅིག
༩ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་ནི་སངས་རྒྱས་པའི་ཐེག་པ་རིམ་དགུའི་ཡང་རྩེ་ཨ་ཏི་ཡོ་ག་སྟེ་ཤིན་ཏུ་རྣལ་འབྱོར་དང་།
མ་ཧཱ་སནྡྷི་སྟེ་རྫོགས་ཆེན་དོན་གཅིག་གོ།
༣༽རྙིང་བོན་གྱི་ཐེག་པ་ཕན་ཚུན་མི་འདྲ་བ།
བོན་གྱིས་འཇིག་རྟེན་ལྷ་མིའི་ཐེག་པ་རིམ་དགུའི་ནང་དུ་རྩིས་བ་རྙིང་མས་མི་རྩི།
རྙིང་མས་ཐེག་ཆེན་གྱི་དབུ་སེམས་གཉིས་པོ་བྱང་སེམས་ཀྱི་ཐེག་པ་གཅིག་ཏུ་གྲངས་འདྲེན་པ་དང་།
བོན་གྱིས་དེ་གཉིས་ཐ་དད་དུ་རྩིས།བོན་གྱིས་རྒྱུད་སྡེ་བཞི་རང་ལྡོག་ནས་རྩིས་བ་དང་།
རྙིང་མས་རྒྱུད་སྡེ་བཞིའི་སྔ་མ་གསུམ་རང་ལྡོག་ནས་རྩི་བ་མཚུངས་ཀྱང་།
ནང་རྒྱུད་རང་ལྡོག་ནས་མིན་པར་མ་ཧཱ་ཡོ་ག་དང་།ཨ་ནུ་ཡོ་ག་དང་།ཨ་ཏི་ཡོ་ག་གསུམ་དུ་ཕྱི་ནས་དགུ་རྩིའོ།
།བརྒྱ་ཆ་ནས་བརྒྱ་མིན་པར་ ༧༠ འདྲ་བའི་རྒྱུ་མཚན་འདི་ཡིན།
༤༽བོན་དང་ས་བཀའ་ཇོ་དགེ་བཞི་དང་འདྲ་བ།
བོན་གྱི་ཐེག་དམན་ལྷ་མི་གཞན་བརྟེན།
རང་རྟོགས་གཤེན་རབ། ཐེག་ཆེན་གྱི་ཐུགས་རྗེ་སེམས་དཔའ།
གཡུང་དྲུང་སེམས་པའི་ཐེག་པ་བཞི་པོ་སངས་རྒྱས་པའི་ཐེག་དམན་གྱི་ཉན་ཐོས།རང་རྒྱལ།
ཐེག་ཆེན་གྱི་སེམས་ཙམ།དབུ་མ་བཞི་དང་འདྲ། བོན་གྱི་བྱ་བ་གཙང་སྤྱོད། རྣམ་པ་ཀུན་ལྡན།
དངོས་བསྐྱེད་ཐུགས་རྗེ་རོལ་པ།
ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་བཞི་པོ་སངས་རྒྱས་པའི་བྱ་རྒྱུད། སྤྱོད་རྒྱུད།
རྣལ་འབྱོར་གྱི་རྒྱུད།
རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་བཞི་དང་མཚུངས།ས་བཀའ་ཇོ་དགེ་བཞི་དང་བརྒྱ་ཆ་ནས་ ༧༠
ཙམ་མིན་པར་ ༩༠ མཚུངས་པ་ཡོད་དོ།།
༥༽ཟུར་བརྗོད།
འདྲ་བ་ཡོད་པ་ཙམ་གྱིས་ཆོས་བརྒྱུད་གཅིག་པ་དང་ཕན་ཚན་དཔེ་བཤུས་ཡིན་མིན་སོགས་རང་གཞན་གྱི་ལུགས་མཐོང་བའི་མེ་ལོང་དཔང་པོར་བཞག་ནས་རྟགས་ཀྱི་ཁྱབ་སྐོར་རྣམས་ལ་དགོངས་པ་བཞེས་དགོས་ཀྱི་འདུག་གོ།
སླར་སྨྲས་པ།
རྙིང་བོན་ཐེག་པ་རིམ་དགུ་མཚུངས་ཙམ་གྱིས།།
ཆོས་བརྒྱུད་གཅིག་གམ་ཕན་ཚུན་འདྲ་བཤུ་ཞེས།།
ཐལ་བ་འཕེན་པའི་བན་བོན་བློ་གསར་ལ།།
མ་ངེས་རྟགས་ཀྱི་གོ་བ་ལེགས་པར་སྦྱིན།།
མཚན་ཉིད་གྲུབ་མཐའ་བཞི་དང་གསང་སྔགས་ཀྱི།།
རྒྱུད་སྡེ་བཞི་པོ་མཚུངས་པའི་གསལ་བཤད་འདིས།།
གངས་རིའི་ལྗོངས་ཀྱི་ཆོས་བོན་རྣམ་གཉིས་ལ།།
རྟོན་པ་བཞི་ཡི་གོ་རིམ་དྲན་གསོ་བྱས།།
དོལ་སྤྲུལ་མིང་པས།
༢༨།༡༡།༡༤།
ཡོངས་ཁུངས།
སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་འཕྲིན་སྟེགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།