ཨ་མེ་རི་ཀའི་ལོ་རྒྱུས་ནང་དེ་སྔ་བྱུང་མྱོང་མེད་པ་སྟེ། འདི་ལོར་ཨ་རིའི་སྲིད་བློན་ལས་ཤག་ཕོ་བྲང་དཀར་པོའི་ནང་དུ་སྟོན་པའི་དུས་ཆེན་ཐོག་མ་དེ་བསུས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལཱ་ཧེ་རིས་ལགས་ཀྱི་སྐུ་ཟླ་ཌཀ་ལས་ཨེམ་ཧོཧྥ་མཆོག་དང་། དེ་བཞིན་གནས་བརྟན་སྡེ་པ་དང་། རྒྱ་བརྒྱུད་ནང་བསྟན། བོད་བརྒྱུད་ནང་བསྟན་བཅས། ནང་པའི་རྩ་བའི་ཆོས་བརྒྱུད་གསུམ་གྱི་བླ་ཆེན་དང་དབུ་ཁྲིད་རྣམ་པས་དབུས། སྟོན་པའི་སྐུ་བརྙན་མདུན་དུ་ཞུགས་སྒྲོན་སྒྲོན་པའི་སྒོ་ནས་མཛད་སྒོ་དབུ་འཛུགས་གནང་འདུག
![]() |
| དར་ཐང་མཆོག་སྤྲུལ་རིན་པོ་ཆེས་མཆོད་མེ་སྒྲོན་བཞིན་པ། |
![]() |
| སྐུ་ཞབས་མར་ཝིན་ཧ་ར་ཌ་མཆོག་ནས་མཆོད་མེ་སྒྲོན་བཞིན་པ། |
ཨ་རིའི་རྒྱལ་སྤྱི་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་དར་ཐང་རིན་པོ་ཆེའི་སྲས་མོ་དབང་མོ་བདེ་སྐྱེད་[1]ལགས་ཀྱིས་གོ་སྒྲིག་གནང་བའི་ཐེངས་འདིའི་མཛད་སྒོ་རུ། གནས་བརྟན་སྡེ་པ་ནས་དགེ་སློང་ཨུ་པ་རཏྣ་ལགས་དང་། དེ་བཞིན་རྒྱ་བརྒྱུད་ནང་བསྟན་ནས་སྐུ་ཞབས་མར་ཝིན་ཧ་ར་ཌ་དང། བོད་བརྒྱུད་ནང་བསྟན་ནས་དར་ཐང་སྤྲུལ་སྐུ་རིན་པོ་ཆེ་བཅས་ཚབ་མམཚོན་གྱིས། གསོལ་འདེབས་དང་སྨོན་ལམ་སོགས་ཞལ་འདོན་མཛད་གནང་འདུག
![]() |
| གནས་བརྟན་ཨུ་པ་རཏྣ་ལགས་ནས་གསུང་བཤད་གནང་བཞིན་པ། |
![]() |
| སྲས་མོ་བདེ་སྐྱིད་ལགས་དང་སྐུ་ཞབས་ཨེམ་ཧོཧྥ་རྣམ་གཉིས་གསོལ་སྨོན་འདེབས་བཞིན་པ། |
སྲས་མོ་བདེ་སྐྱིད་(Dexey)ལགས་ནས་གསུང་དོན། "ད་རེས་ཨ་མེ་རི་ཀའི་དམངས་གཙོའི་ལམ་ལུགས་གཞིར་བཟུང་། ནང་བསྟན་ཆོས་བརྒྱུད་གསུམ་ཀ་ལྷན་འཛོམས་ཀྱིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་སྟོན་པའི་དུས་ཆེན་བསུས་ཐུབ་པ་ནི། ཨ་རིའི་རིག་གཞུང་ནང་ལོ་རྒྱུས་ཐོག་མ་དེ་བྱུང་བ་རེད།" ཅེས་གསུངས་ཤིང་། ལོ་རྒྱུས་གསར་བསྐྲུན་གྱི་གནས་ཚུལ་དེར་ཆེས་རྩི་མཐོང་གིས་ཞུགས་སྒྲོན་འབུམ་བཅུ་ཐམ་པ་སྒྲོན་པར་མཛད་འདུག
སྐབས་དེར་ཨ་རིའི་སྲིད་འཛིན་འཇོ་བྷའི་ཌེན་ལགས་ནས། སྟོན་པའི་དུས་ཆེན་ཉིན་མོའི་དགའ་བསུའི་མཚམས་འཕྲིན་གནང་ཞིང་། ཨ་རིར་ནང་པ་རྣམས་ཀྱིས་ཕྱག་རྗེས་བཞག་པའི་བཀའ་དྲིན་ལ་རྗེས་དྲན་བྱེད་འོས་པའི་ལེགས་གསུང་གི་དབུགས་དབྱུང་བསྩལ་ཡོད་པ་མ་ཟད། ཨ་རིའི་རྒྱལ་ཁབ་འདི་ཡར་རྒྱས་དང་གོང་འཕེལ་ཅན་དུ་འགྲོ་བར་ནང་པའི་ཤེས་ཡོན་ནི་ཁ་ཚ་དགོས་གཏུགས་ལྟ་བུར་ཆགས་ཡོད་པས། ང་ཚོ་ཚང་མ་ལྷན་དུ་ཤར་སྐྱོད་ཀྱིས་འབྱུང་འགྱུར་ཆར་ཨ་རི་འདི་འོད་སྣང་ལྡན་པ་བཟོ་དགོས་ཞེས་གསུངས་གནང་མཛད་འདུག
གསར་འགྱུར་ཡོང་ཁུངས། བལ་ཡུལ་གསར་འགྱུར་སི་དྷཱ་ནིའུས།
སྒྱུར་བ་པོ། དོལ་ཚེ་དགའ།
___________
*ཞབས་མཆན།
[1] མཚན་ཟུར་གཉིས་པ་དེ་གསལ་པོ་མ་ཤེས། དབྱིན་ཡིག་ནང་ Dixey ཞེས་གསལ།






No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།