རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 3 February 2021

ཁྱེད་རང་།

གཟི་མིག་གམ་དཔལ་ལྡན་རྒྱལ།


རང་ཉིད་ཀྱི་འགྲམ་དུ། 
བརྩེ་སེམས་ཀྱི་མེ་ཏོག་ཅིག་བཞད།
ཚོན་རྩིས་མ་ལྷད་པའི་མེ་ཏོག་དེ།
མཛེས་སྡུག་གི་ལང་ཚོ་གྲོལ།
དེའི་མདངས་དང་དྲི་མ་ཁོ་ནས།
གར་པོ་གར་པོ་གྱུར་བའི། 
བདག་གི་ཁུ་བ་དག
གཙང་པོ་བཞིན་རྒྱུག་ཏུ་བཅུག

རང་ཉིད་ཀྱི་འགྲམ་དུ། 
མཛེས་ལྡན་གྱི་ལྗང་བུ་ཞིག་འབུས།
དྲི་ཞིམ་ཐུལ་བའི་ལྗང་བུ་དེ།
ཚེ་སྲོག་གི་རྣམ་ཤེས་རྒྱས་དུས།
དེའི་རེ་འདུན་དང་འཚོལ་སྙེག་ཁོ་ནས།
གར་པོ་གར་པོ་གྱུར་བའི།
བདག་གི་ཁུ་བ་དག
ཚངས་དབྱངས་རྒྱ་མཚོའི་གཟིམས་མལ་དུ་བཞུར།

རང་ཉིད་ཀྱི་འགྲམ་དུ།
ལོ་ཟླས་འཇུས་པའི་སྙན་ངག་ཅིག་བཙས
ཐ་སྙད་ཀྱིས་བཏུས་པའི་སྙན་ངག་དེ།
དུང་ཞེན་གྱིས་ག་ལེར་སླུ་དུས། 
དེའི་འཛུམ་མདངས་དང་སྤྲོ་སྣང་ཁོ་ནས། 
གར་པོ་གར་པོ་གྱུར་བའི།
བདག་གི་ཁུ་བ་དག
རང་ཉིད་ཀྱི་རྐང་འོག་ཏུ་ལྷུང་། 

༠༤།༠༢།༢༠༢༡


ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་ལས་དྲངས།

3 comments:

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།