རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 2 October 2020

ཧི་མ་ལ་ཡའི་ན་གཞོན་ཚོ་དཔོན་ཞིག་གི་གཏམ་རྒྱུད།

 «ཧྥ་རན་སིས་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།»


དོལ་པོ་བའི་ཚྭ་སྐྱེལ་ཚོང་འགྲུལ།
གཏམ་རྒྱུད་འདི་ནི་དོལ་པོའི་ཡུལ་ནས་བྱུང་བ་དང་། ཡུལ་དེ་ནི་བལ་པོའི་རྒྱལ་ཁོངས་ཀྱི་ནུབ་བྱང་རྒྱུད་ཀྱི་ཧི་མ་ལ་ཡའི་དབེན་གནས་ཤིག་དུ་ཆགས་ཡོད། ཡུལ་དེར་གྲང་རླུང་ལྡིང་བ་རྒོད་ཅིང་། རྩི་ཤིང་དང་ལོ་ཏོག་མི་སྐྱེས་པའི་ཐང་རྒོད་ཞིག་ཡིན། ས་ཆ་དེ་གར་ས་རྒྱུ་ཞན་པ་དང་ཆར་བ་འབབ་ཚད་ཉུང་བ། འདེབས་འཛུགས་ཀྱི་དུས་ཚོད་ཐུང་བ་སོགས། འཚོ་བའི་ཆ་རྐྱེན་ཛ་དྲག་ཡོད་པ་བཅས་ཀྱི་ནས་འདེབས་འཛུགས་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ནི། ས་གནས་དེའི་མི་རྣམས་འཚོ་གནས་བྱེད་པའི་འགྲན་སློང་ཞིག་ཏུ་གྱུར་ཡོད་པ་དང་། ནས་ནི་ཡུལ་དེའི་རྒྱུན་ཟས་གཙོ་བོ་ཡིན། ཁོ་ཚོས་ད་དུང་ནོར་ནག་འཚོ་བ་དང་། བོངས་ཚད་ཆེ་ལ་ལུས་ཡོངས་སུ་སྤུ་ཡིས་ཁེངས་པ་དང་འགུལ་སྟངས་དལ་བ། བློ་བརྟན་འགྱུར་མེད་དང་ཨུ་ཚུགས་ཆེ་བའི་སྲོག་ཆགས་དེ་འདྲ་ཞིག གྲང་ངར་ཆེ་ལ་རྩྭ་རྩི་ཤིང་ཉུང་བ་དང་། ཀྱག་ཀྱོག་ཆེ་ལ་མཁའ་རླུང་དཀོན་པའི་རི་ཁུལ་དུ་འཚོ་གནས་བྱེད་ཐུབ་པར་མ་ཟད། ཁོ་ཚོས་ནོར་གྱི་རྩིད་པ་དང་ཁུ་ལུ། ཀོ་བ། ཞོ་སོགས་འཚོ་བའི་མཁོ་ཆས་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། ད་དུང་ལྕི་བ་སྐམ་རྗེས་བུད་ཤིང་ཡང་བྱས་ཆོག

    ལོ་རེར་དོལ་པོ་བ་རྣམས་བྱང་བརྒྱུད་ནས་བོད་དུ་རྡོ་ཚྭ་འཚོལ་བར་བསྐྱོད་ཀྱི་ཡོད། འབྲུ་རིགས་གཙོ་བོར་བྱེད་པའི་སྡེ་བ་དེ་དག་ལ་མཚོན་ནས་བཤད་ན། ཚྭ་ནི་དུས་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ནོར་ནག་གཙོ་བོར་བྱས་པའི་ཚྭ་སྐྱེལ་རུ་ཁག་དེ། བལ་བོའི་རི་ཁུག་ཏུ་ལ་དང་ལུང་པ་བརྒལ་ནས་དུས་ཚོད་རིང་པོ་དང་ལམ་ཐག་རིང་པོར་འགྲུལ་བཞུད་བྱེད་དགོས། དེ་ནས་ཚྭ་དང་འབྲུ་རིགས་སོགས་དངོས་པོ་གཞན་དང་བརྗེ་ཚོང་བྱེད་ཐུབ། འགྲུལ་སྐྱོད་ཀྱི་ལམ་བར་དུ། ཁོ་ཚོས་གཟའ་འཁོར་འགའི་དུས་ཚོད་བཀོལ་ནས་འཛམ་གླིང་གི་ཆེས་མཐོ་བའི་རི་བོའི་བགྲོད་ལམ་བརྒལ་དགོས། གངས་ཞོད་ཐེངས་གཅིག་གིས་ཚྭ་འདྲེན་རུ་ཁག་ཡོད་དོ་ཅོག་གི་སྲོག་ཀྱང་འཕྲོག་ངེས། འདི་ནི་མིའི་རིགས་ཀྱིས་གནམ་ཟླ་ལ་བསླངས་བའི་འགྲན་རྩོད་ཅིག་ག་ལ་མིན།

ལྷག་པ་ཚ་འདྲེན་ལམ་བར་ནས་ཚེ་ལས་འདས་པ།
ནས་ཞིང་གི་སྙེ་མ་བསིལ་རླུང་འཇམ་པོས་དལ་གྱིས་གཡོ། ཚེ་རིང་གིས་ནས་འཆིང་བ་གང་བསྡམས་ཏེ། “ཨ་མྱེས་ལགས། ལྟོས་དང་། ནས་ཞིང་འདིས་ང་ཚོའི་སྡེ་བ་གང་བོའི་ཁ་ཚེ་གང་པོར་གསོ་ཐུབ་པར་མ་ཟད། ད་ལོའི་དགུན་ཁར་མི་གཅིག་གིས་ཀྱང་བཀྲེས་ལྟོག་མྱོང་དགོས་རྒྱུ་མ་རེད།” ཅེས་བཤད། ལོ་ན་བགྲེས་པའི་འཕྲིན་ལས་དགོད་ཞོར་དུ། “ཞིང་སྨིན་པ་བཟང་མོད། འོན་ཀྱང་འདང་རྒྱུ་མ་རེད། གལ་ཏེ་སྡེ་མི་ཡོངས་ཀྱིས་དགུན་ཧྲིིལ་པོའི་འཚོ་བ་འདི་ལ་བརྟེན་ནས་བསྐྱལ་དགོས་ན། ང་ཚོ་ངེས་པར་དུ་ཡང་བསྐྱར་རི་ཁུག་གཞན་པའི་སྡེ་བར་སོང་ནས་འབྲུ་རིགས་དེ་བས་མང་བ་བརྗེ་ཚོང་བྱེད་དགོས་འདུག” ཞེས་ཁོ་བོའི་ཚ་བོར་ལབ།
    ཚེ་རིང་གི་ཨ་ཕ་ལྷག་པ་ནི་སྡེ་བའི་ནང་གི་ལོ་གཞོན་དག་གི་འགོ་དཔོན་ཡིན། ཁོང་གིས་ཚྭ་སྐྱེལ་རུ་ཁག་གི་སྣེ་ཁྲིད་དེ་རི་ཀླུང་བརྒལ་ནས་ཚྭ་བསྡུ་རུབ་བྱས་ནས་གཟའ་འཁོར་ཁ་ཤས་སོང་། ཁོང་ཕྱིར་ལོག་རྗེས་ད་དུང་སླར་ཡང་ཚྭ་སྐྱེལ་རུ་ཁག་གི་སྣེ་ཁྲིད་དེ། འབྲུ་རིགས་དེ་བས་མང་བ་བརྗེ་ལེན་བྱེད་པར་བསྐྱོད་དགོས་ཀྱི་ཡོད། ཚེ་རིང་གིས་ཕ་རྒན་དྲན་དྲགས་པས་ཁོ་ཕྱིར་ལོག་པར་ངང་སྒུག་བྱེད་མི་ཐུབ་པའི་ཚད་དུ་ལྷུང་འདུག ཚེ་རིང་ཁྱིམ་དུ་ལོག་པའི་སྐབས་སུ་ས་གཞི་འདར་བའི་ཚོར་གནང་བྱུང་བ་དང་། ཁོས་“ཨ་མྱེ་ལགས། ཚྭ་སྐྱེལ་རུ་ཁག་རེད། ཚྭ་སྐྱེལ་རུ་ཁག་ཕྱིར་སླེབས་སོང་”ཞེས་སྐད་ཅོར་བརྒྱབ། སྡེ་མི་རྣམས་བྲེལ་འཚུབ་དང་བཅས་གཅིག་རྗེས་གཅིག་སྙེག་གིས་སྡེ་མཇུག་ཏུ་སོང་། ཐལ་རླུང་འཚུབ་འཚུབ་གཡུག་པའི་ཁྲོད་དུ། ནོར་ཁྱུ་རྒྱུག་ཡོང་པའི་སྒྲ་དེ་ཐག་རིང་ནས་ཉེ་བར་གྱུར། གནམ་ལྕགས་ཐོག་མདའ་བབ་པ་ལྟ་བུའི་རྨིག་སྒྲ་ནི་མཁའ་དབུགས་འདར་འགུལ་བྱེད་པ་དང་འདྲ། འོན་ཀྱང་། རྡུལ་འཚུབ་རིམ་བཞིན་མེད་པར་གྱུར་རྗེས། ཚེ་རིང་གིས་ཆེས་ཡིད་སྐྱོ་བའི་རྣམ་པ་ཞིག་མཐོང་། ཁོང་གི་ཨ་ཕའི་བེམ་པོ་སྣེ་ཁྲིད་པའི་ནོར་གྱི་ཁལ་མའི་སྟེང་བཀལ་ཡོད་པ་དང་། ཚེ་རིང་གི་ཨ་མ་སེམས་སྡུག་ཚད་མེད་སྐྱེས། ན་གཞོན་ཕོ་གསར་ཀརྨ་ཡིས་སྣེ་ཁྲིད་པའི་ནོར་ཁྲིད་ནས་སྡེ་མིའི་ཕྱོགས་སུ་བསྐྱོད། “ལྷག་པ་རི་བོའི་བརྒྱུད་ལ་ཉེ་ལམ་ཞིག་འཚོལ་དུ་སོང་བའི་རྐྱེན་གྱིས་རང་སྲོག་ཤོར་བ་རེད། ཀརྨས་བཤད་རྒྱུར། ངས་ཁོ་བོར་ཉེན་ཁ་ཤིན་ཏུ་ཆེ་བར་བཤད་མོད།  འོན་ཀྱང་ཁོ་བོས་ངའི་ཁ་ལ་མ་མཉན།” ཞེས་རྒྱུ་མཚན་བཤད། ཨ་མྱེས་འཕྲིན་ལས་ཁོང་ཁྲོ་དྲག་ཏུ་ལངས་ནས་ཁོང་གི་སྐད་ཆའི་མཚམས་བཅད། “རྫུན་རྐྱལ། ཁྱོད་ཀྱིས་རྒྱུན་དུ་ལྷག་པར་ཕྲག་དོག་བྱེད་ཀྱིན་ཡོད། ཁྱོད་རང་མགོ་བ་གསར་པ་འགྱུར་འདོད་པས། ཁྱོད་ཀྱིས་བསམ་བཞིན་དུ་ངའི་བུ་བསད་པ་རེད།” ཞེས་ངར་སྐད་དང་བཅས་བཤད། ཀརྨ་སྐྱོ་ཉམས་དང་བཅས་མགོ་བོ་འཕྲེད་དུ་གཡུག་ཞོར། “ལྷག་པ་ནི་ངའི་ཆེས་བཟང་བའི་གྲོགས་པོ་ཡིན། ངས་ཁོ་ལ་གནོད་འཚེ་གཏན་ནས་གཏོང་མི་སྲིད།” ཅེས་སྡེ་མི་རྣམས་ལ་སྨྲས།
    ཕྱིར་ཁྱིམ་ལ་སླེབས་རྗེས། ཨ་མྱེས་ཚེ་རིང་གི་ཁྱིམ་མི་ཡོངས་ལ་“ལྷག་པ་ཤི་སོང་བས། ཁོའི་བུ་ཚེ་རིང་གི་མགོ་བའི་གོ་གནས་བརྒྱུད་འཛིན་བྱེད་དགོས་པའི་ཁྱབ་བསྒྲགས་བྱས། ཁོ་རང་ནར་མ་སོན་པའི་སྔོན་ལ། ངས་དངོས་སུ་ཚྭ་སྐྱེལ་རུ་ཁག་གི་སྣེ་ཁྲིད་ནས་འགྲོ་ངེས་ཡིན། ང་ལ་ལུས་སྟོབས་ཆེ་བའི་གཞོན་སྐྱེས་པ་ཞིག་གིས་རོགས་བྱེད་དགོས།” ཞེས་ཀུན་སར་བསྒྲགས། འོན་ཀྱང་འཕྲིན་ལས་ཀྱིས་སྡེ་བའི་ནང་གི་ན་གཞོན་སུ་ཡིན་ཡང་ཁོ་དང་མཉམ་དུ་འགྲོ་བར་གོ་སྐོན་བློ་འགུག་བྱེད་མ་ཐུབ། ཁོ་ཚོས་“ཀརྨ་སྡེ་དཔོན་ལ་བསྐོ་དགོས་”ཞེས་བཤད་པ་དང་། “ཁོ་ནི་ང་ཚོའི་གྲས་ཀྱི་དཔའ་ངར་ཆེ་ལ་སྙིང་སྟོབས་ཆེས་ལྡན་པ་དེ་ཡིན་པར་མ་ཟད། ཁོས་མདའ་འཕངས་པ་དྲང་ཞིང་གནད་ལ་ཕོག་སྲིད།” ཅེས་བཤད།

འཕྲིན་ལས་ཀྱིས་ཚྭ་སྐྱེལ་རུ་ཁག་སྣེ་ཁྲིད་པར་གྲ་སྒྲིག་བྱས་ཚྭ་སྐྱེལ་རུ་ཁག་སྣེ་ཁྲིད་པར་གྲ་སྒྲིག་བྱས་པ།
སྡེ་བའི་མོ་འདེབས་པའི་བླ་མས་ཚྭ་སྐྱེལ་རུ་ཁག་ཉིན་བཅུའི་རྗེས་སུ་འགྲོ་དགོས་པའི་བཀའ་བསྩལ་པ་འཕྲིན་ལས་ཀྱིས་ཤེས་ཡོད་པས། ཁོ་བོས་རང་ལ་དུས་ཚོད་འདང་ངེས་ཡོད་པར་འདོད། ཨ་མྱེས་ཀྱིས་ཚེ་རིང་ཁྲིད་དེ་སྡེ་བའི་མཐའ་ན་ཡོད་པའི་མགར་བའི་རས་གུར་ནང་ཁྲིད་སྐབས། ཁོ་ཧ་ཅང་དངངས་སྐྲག་སྐྱེས། ཁོའི་ཨ་མྱེས་ཀྱིས་ཁོ་རང་མགར་བའི་གམ་དུ་ཁྲིད་དོན་ཅི་ཡིན་ནམ། ཁོང་གིས་ངེས་པར་དུ་ཁོའི་ཨ་ཕའི་ཚབ་བྱས་ནས་ཚྭ་སྐྱེལ་རུ་ཁག་གི་སྣེ་ཁྲིད་དགོས་སམ།
    མགར་བས་“འདིར་ཤོག་དང་ཕྲུ་གུ་”ཞེས་བཤད། ཚེ་རིང་བྲེལ་འཚུབ་ངང་མགར་བའི་གམ་དུ་སོང་། ཁོ་མར་བཙོག་རྗེས། མགར་བའི་ཐོ་བ་ཆུང་ཆུང་ཞིག་དང་ལྕགས་སྒྲོག་ཆུང་ཆུང་ཞིག་ཡོད་པའི་སྐེ་རྒན་ཞིག་ཁོའི་སྐེ་ལ་དལ་མོར་བཏགས། “འདི་ཐོགས་དང་། ཁྱེད་རང་ལ་གདོན་འདྲེའི་གནོད་པ་བྱེད་མི་ཐུབ་ལ་འགྲུལ་བཞུད་ཀྱི་ལམ་བར་དུ་བདེ་འཇགས་ཡོང་ཐུབ།” ཞེས་བཤད། ཚེ་རིང་གི་སེམས་རྣལ་དུ་ཕབ་པ་ནས་ཁོས་ལྕགས་ཐོ་ཆུང་ཆུང་གིས་ལྕགས་ཐག་སྟེང་ལ་རྒྱབ། ཨ་མྱེས་འཕྲིན་ལས་ཁོང་གི་གམ་དུ་འཛུམ་དམུལ་དམུལ་བྱེད་བཞིན་འདུག
 
    ཕྱི་ཉིན་སྐྱ་རེངས་ཤར་དུས། འཕྲིན་ལས་རང་གི་རྟ་ཕོར་ཞོན་ནས་དབེན་ཞིང་ལྷིང་འཇགས་ཡིན་པའི་སྡེ་བ་དང་གྱེས། ཉིན་ལམ་རིང་མོ་གཉིས་བརྒྱུད་རྗེས་ད་གཟོད་ཁོའི་བུ་ཆུང་བ་བླ་མ་ནོར་བུ་ལགས་ཆུང་བྱིས་པའི་དུས་ནས་བསླབ་པ་སློབ་གཉེར་བྱེད་སའི་གྲྭ་སར་སླེབས། བླ་མ་ནོར་བུ་ལགས་ཀྱིས་སྐུ་ཚེ་གང་པོའི་དུས་ཚོད་བེད་སྤྱད་ནས་ཉིན་རྒྱུན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ལྡེབས་རིས་ཤིག་བྲིས་ནས་འདུག
 
    འཕྲིན་ལས་ཀྱིས་“ང་ཁྱེད་རང་བསུ་བར་ཡོང་བ་ཡིན། ཁྱེད་ཀྱི་ཕུ་བོ་ལྷག་པ་ཚེ་ལས་འདས་སོང་། ཚེ་རིང་ནར་མ་སོན་པའི་བར་དུ་ཁྱེད་ཀྱིས་ངེས་པར་དུ་ཚྭ་འདྲེན་རུ་ཁག་གི་སྣེ་ཁྲིད་དགོས།” ཞེས་ནོར་བུ་ལ་བཤད། “ཡིན་ན་ཡང་། ཨ་ཕ། ........ ང་རི་ཚོགས་དང་ལམ་ལ་ཆ་རྒྱུས་ཅུང་ཙམ་མེད་ལ། གཡག་དང་ཚྭའི་སྐོར་ལ་ཡང་ཆ་རྒྱུས་ཧ་ཅང་ཉུང་། ཁྱོད་ཀྱིས་ངའི་ལག་པ་གཉིས་ལ་ལྟོས་དང་། འདི་ནི་རི་མོ་འབྲི་བྱེད་ཀྱི་ལག་པ་ཞིག་ཡིན་པ་ལས་ཚྭ་སྐྱེལ་མཁན་གྱི་ལག་པ་ཞིག་ག་ལ་ཡིན།” འཕྲིན་ལས་ཀྱིས་“ཁྱོད་རང་སྐྲག་པ་ཡིན་ནམ་”ཞེས་དྲིས། ནོར་བུས་“ང་ཁས་མི་ལེན་པར་མི་སྐྲག་”ཞེས་ལན་བཏབ། འཕྲིན་ལས་ཐང་ཆད་ཅིང་ཁོང་ཁྲོ་ལངས་ནས་དེ་མ་ཐག་ཏུ་ཁ་ཕྱིར་འཁོར་ནས་བདེ་མོ་ཡང་མ་བཞག་པར་བུད་སོང་།
    འཕྲིན་ལས་ད་དུང་གྲོང་ཚོར་ལོག་པའི་ལམ་དུ་ཡོད། སྐབས་དེར་ཀརྨས་ཚ་སྐྱེལ་རུ་ཁག་ལམ་ལ་ཆས་པར་གྲ་སྒྲིག་བྱས་ཚར་ཡོད་པ་དང་། ཁོས་ཉིན་བཅུ་འགོར་རག་བར་དུ་སྒུག་མ་འདོད་ཅིང་། དགུན་ཁ་ཡང་སླེབས་ལ་ཉེ་བས། རི་ཚོགས་ཀྱི་བགྲོད་ལམ་དག་ཀྱང་ཁ་བས་བཀླུབ་པར་ངེས། སྡེ་མི་རྣམས་ཀྱི་བསམ་ཚུལ་མི་མཐུན་པ་མང་པོ་ལབ་བྱུང་། སྡེ་བའི་ལོ་ན་བགྲེས་པ་སྐོར་ཅིག་གིས་ཁོས་ད་དུང་ཅུང་སྒུག་ན་བསམ་མོད། འོན་ཀྱང་། ཀརྨས་གཞོན་སྐྱེས་པ་མང་ཤོས་ཀྱི་བློ་ཁ་བཀུགས་ནས། ཁོ་དང་མཉམ་དུ་ལམ་ལ་ཆས་པའི་གྲོས་བྱས་འདུག ཁོ་ཚོས་རྩྭ་ར་ནང་ནས་ནོར་བཟང་པོ་འདེམ་རྗེས་ཚྭའི་སྒྱེ་མོ་རྣམས་ནོར་གྱི་བཀལ་པ་དང་། ཐམས་ཅད་གྲ་སྒྲིག་བྱས་ཚར་རྗེས། ཀརྨས་བརྡ་བཏང་མ་ཐག་གཞོན་ནུ་རྣམས་ཀྱི་གཡག་དེད་ནས་ལམ་ལ་ཆས། ནོར་གྱི་རྨིག་པས་ལམ་ཐོག་གི་རྡོ་བརྡུངས། ཚེ་རིང་གིས་སྒོ་ཁྱམས་ནས་ཁོ་ཚོ་རྒྱང་རིང་དུ་གྱེས་པར་བལྟས་ཤིང་སེམས་སུ་སྐྱོ་སྣང་གིས་ཁེངས།
    ཉིན་གཉིས་འགོར་སོང་། སྡེ་བ་དེ་ཁ་ཁུ་སིམ་པོར་གྲགས་འགུལ་ཅི་ཡང་མེད་ལ། གློ་བུར་དུ་སྐད་སྒྲ་ཞིག་གིས་མཚན་མོའི་ལྷིང་འཇགས་དཀྲོགས་སོང་། “འཕྲིན་ལས་རེད། ཁོ་ཕྱིར་སླེབས་བྱུང་།” སྡེ་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཁང་པའི་སྒོ་ཕྱིར་སོང་ནས་ཁོང་ལ་བསུ་བ་བྱས། ཞོར་དུ་ཁོང་ལ་ཀརྨའི་ཚྭ་སྐྱེལ་རུ་ཁག་གི་སྣེ་ཁྲིད་ནས་ན་གཞོན་རྣམས་དང་མཉམ་དུ་ལམ་ལ་ཆས་ཟིན་ཞེས་བཤད་བྱུང་། “ཅི་ཟེར།” འཕྲིན་ལས་ཀྱིས་ངར་སྐད་སྒྲོག་བཞིན། “ཚྭ། ཚྭ་གང་ན་ཡོད།” “ང་ཚོའི་ཚྭ་ཉར་ཚགས་བྱས་ཡོད། འོན་ཀྱང་། ད་ང་ཚོས་ཅི་ཞིག་བྱ།” ཞེས་རྒན་པ་ཞིག་གིས་དེ་ལྟར་བཤད། འཕྲིན་ལས་ཀྱིས་“ང་ཚོས་སྔོན་ཆད་ཀྱི་བྱེད་སྟངས་ལྟར་བསྒྲུབ་དགོས། ང་ཚོས་ལྷས་མཛུབ་སྟོན་གནང་བའི་ཉིན་མོར་སླེབས་པ་ན་ལམ་ལ་ཆས།” ཞེས་ལན་བཏབ། མི་མང་པོས་ཡང་སྐད་ཆ་ཤབ་ཤུབ་བཤད་མགོ་བརྩམས། རྒན་རྒོན་དང་བུད་མེད་ཀྱིས་སྣེ་ཁྲིད་པའི་ཚྭ་སྐྱེལ་རུ་ཁག་ཞིག་ཧི་མ་ལ་ཡའི་རི་བརྒྱུད་ཇི་ལྟར་བརྒལ་དགོས་སམ།
གཡང་གཟར་བརྒྱུད་ནས་ཉེ་ལམ་ལ་བསྐྱོད་པ།
    ཕྱི་ཉིན། སྡེ་བའི་ལོ་ན་རྒས་པའི་ཡུལ་མི་ཚོ་འཕྲིན་ལས་ཀྱི་རྗེས་འབྲངས་ནས། ཁོང་ཚོའི་ཚྭ་སྐྱེལ་རུ་ཁག་ཀྱང་ལམ་ལ་ཆས། ཚེ་རིང་ཡང་ཨ་མའི་རྗེས་སུ་འབྲངས་ནས་སོང་། ནོར་གྱིས་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་མཉམ་དུ། ཁོ་དགའ་སྤྲོ་ཚད་མེད་སྐྱེས་བཞིན་འདུག རྒྱུ་མཚན་ཁོ་རང་ཐེངས་དང་པོར་ཚྭ་སྐྱེལ་རུ་ཁག་དང་མཉམ་དུ་ལམ་ལ་ཆས་པ་རེད། འོན་ཀྱང་ཁོའི་ཉམ་ཆུང་བའི་ལུས་ཕུང་ལ་མཚོན་ན། ཉིན་གང་བོར་ལམ་ལ་བསྐྱོད་དགོས་པ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད། ཚེ་རིང་གིས་“ཨ་མྱེས་ལགས། ངའི་རྐང་པར་རྨས་སྐྱོན་ཕོག་སོང་། ང་ཚོ་སང་ཉིན་ཡང་མུ་མཐུད་དུ་འདི་ལྟར་འགྲོ་དགོས་སམ།” ཞེས་དྲིས་པ་ན། འཕྲིན་ལས་ཀྱིས། “རེད་ལགས། ངའི་གཅེས་ཕྲུག ད་དུང་ཉིན་མང་པོ་ཞིག་ལ་འདི་ལྟར་་འགྲོ་དགོས་པས། ཁྱོད་ཀྱི་རྐང་པ་ནི་ནོར་གྱི་རྭ་ཅོ་ཞིག་དང་འདྲ་བར་སྲ་མོར་གྱུར་ན་ཐང་། སྐབས་དེར་ཁྱོད་དོལ་པོ་བ་ངོ་མ་ཞིག་ཏུ་འགྱུར་ངེས།” ཞེས་བཤད།
 
    ཉིན་ཐོག་ཉིན་བརྩེགས་བྱས་ནས་ཚྭ་སྐྱེལ་རུ་ཁག་ཆུང་ཆུང་འདི་འཕྲིན་ལས་ཀྱི་རྗེས་འབྲངས། “ཚེ་རིང་གིས་འཁང་ར་བྱེད་བཞིན་དུ་ང་ཚོ་ཐོག་མཐའ་བར་གསུམ་དུ་མདུན་དུ་བསྐྱོད་བཞིན་ཡོད་ཀྱང་ད་དུང་མ་ཐོན་པ་རེད།” ཞེས་བཤད། ཚེ་རིང་གི་ཨ་མས་ཀྱང་། “ཁྱོད་ལ་ཞུ་བ་བྱེད། ང་ཚོ་ཡུལ་ལ་འགྲོ། ཁོ་ད་དུང་བྱིས་པ་ཞིག་རེད།” ཞེས་བཤད་མ་ཐག
    འཕྲིན་ལས་ཡིས་གློ་བུར་དུ་མདུན་ཕྱོགས་སུ་རྒྱུགས་ཡོང་བཞིན་པའི་ཚེ་རིང་ལ་མཛུབ་མོ་བཙུགས་ཏེ། ཁོའི་ཨ་མ་ལ་“སྔོན་ཆད་ཁོ་ནི་བྱིས་པ་ཞིག་རེད། འོན་ཀྱང་ཉིན་ཞིག་ལ་ཁོས་ཚྭ་སྐྱེལ་རུ་ཁག་གི་སྣེ་ཁྲིད་དེ་མདུན་དུ་བསྐྱོད་ངེས་ཡིན། དོལ་པོ་བ་ངོ་མ་ཞིག་གིས་ནམ་ཡང་མགོ་བོ་སྒུར་མི་སྲིད་ལ་ཁ་ཕྱིར་ཡང་མི་འཁོར་པ་ཁོ་ཐག་ཡིན། ཁོས་རང་ཉིད་ཀྱི་འཇོན་ནུས་ལ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།” ཅེས་བཤད། ལོ་ན་བགྲེས་པོའི་རུ་མི་རྣམས་རུ་ཁག་གི་རྗེས་ཆོད་དཀའ་བར་གྱུར། “འཕྲིན་ལས། ཁོ་ཚོས་ངུ་འབོད་བྱེད་ཞོར་དུ་ཁྱོད་ཀྱིས་ང་ཚོའི་ཚེ་སྲོག་ཤོར་དུ་འཇུག་འདོད་དམ།
 
    “ཨ་མྱེས་ལགས། ཁྱོད་ཀྱིས་ལྟོས་དང་།” ཚེ་རིང་གིས་རི་རྩེར་མཛུབ་མོ་བཙུགས་ཏེ་ཨ་མྱེས་ལ་བཤད་རྒྱུར། “དེ་ནི་ཀརྨ་དང་ཁོའི་ཚྭ་སྐྱེལ་རུ་ཁག་རེད། ཁོ་ཚོ་གན་ན་འདུག་ཟེར། ཁོ་ཚོ་མཇལ་བ་རེད།” “ཅི་ཞིག་ལ་མཇལ་བ་ཟེར།” རྒན་པོ་ཞིག་གིས་བཤད་རྒྱུར། “དད་པ་ཡོད་པའི་མིས་རི་གནས་ཅན་ལ་བསྐོར་བ་བྱེད་བཞིན་ཡོད་པ་རེད།” ཞེས་ལན་བཏབ། འཕྲིན་ལས་ལ་བློ་ཕམ་དུ་འཇུག་པ་ནི། ཁོའི་གནས་མཇལ་བ་དེ་དག་གི་ཁ་ནས་ཐོས་པ་ལྟར་ན། ཀརྨའི་ཚྭ་འདྲེན་རུ་ཁག་ཁོ་ཚོ་ལས་ཉིན་ལྔའི་སྔོན་དུ་སླེབས་ཡོད་པ་ཤེས།
    ཚེ་རིང་གི་ཡིད་ལ་གློ་བུར་དུ་སྤོབས་པ་ཆེ་བའི་བསམ་ཚུལ་ཞིག་ཤར། “ཁྱོད་ཀྱིས་ལམ་མི་འདྲ་བ་གཉིས་ལ་གདོང་གཏད་དུས། ངེས་པར་དུ་ཆེས་དཀའ་ཚགས་ཆེ་བའི་ལམ་དེ་གདམ་དགོས། འདི་ནི་དགོན་པའི་མཁན་པོའི་བཀའ་གསུངས་རེད། ནོར་བུ། མཁན་པོས་དེ་ལྟར་བཤད་པ་ཡིན་ནམ། སང་ཉིན་ང་ཚོས་མཚོ་འགྲམ་གྱི་གཡང་གཟར་བརྒྱུད་དེ་ཉེ་ལམ་ལ་བསྐྱོད་དགོས།” ཞེས་བཤད།
 
    མཚོ་འགྲམ་བརྒྱུད་དགོས་སམ། ཁོའི་རུ་མི་རྣམས་ཀྱིས་ཡ་མཚར་བའི་ངང་ནས་དེ་ལྟར་དྲིས། “འོན་ཀྱང་མཚེ་ནང་དུ་གདོན་འདྲེ་མང་པོ་ཡོད་པས་ང་ཚོ་བརྒལ་མི་ཐུབ། ང་ཚོས་གདོན་འདྲེ་མཐོང་ཐུབ་བམ།” ཞེས་ཚེ་རིང་གིས་དགའ་སྤྲོའི་ངང་ནས་དེ་ལྟར་དྲིས། ཚེ་རིང་གི་ཨ་མྱེས་ཡིས་བཤད་རྒྱུར། “རེད་ལགས། མཚོ་ནང་དུ་དངོས་གནས་གདོན་འདྲེ་ཡོད་པ་རེད། འོན་ཀྱང་དེ་ནི་མྱུར་ལམ་ཞིག་ཡིན་པས་ལམ་དེ་བརྒྱུད་ན་ང་ཚོ་ཀརྨའི་ཚྭ་སྐྱེལ་རུ་ཁག་གི་རྗེས་ཟིན་ཐུབ་ངེས་ཡིན།” ཅེས་ལན་བཏབ། སྡེ་མི་ཚོས་ངོ་རྒོལ་བྱེད་སྐབས། འཕྲིན་ལས་ཀྱིས་ཁོང་ཁྲོ་ཆེན་པོས་ངང་ནས་དགག་ལན་སློག་སྟེ། “དགུན་ཁ་འདིར་ཁྱོད་ཚོས་ཅི་ཞིག་ཟ་རྩིས་ཡོད་དམ། ཁྱོད་ཚོའི་ཚྭ་དེ་རེད་དམ།” བླ་མ་ནོར་བུ་ཡིས་རེ་ཐག་ཆད་པའི་སྒོ་ནས། “འཕྲིན་ལས་དང་ཁ་བརྡ་བཤད་དུས་གངས་མི་ཞིག་ལ་ཁ་བརྡ་བཤད་བཞིན་པའི་ཚོར་སྣང་ཞིག་སྐྱེས།”
 
    སྐྱ་རེངས་དང་བསྟུན་ནས། འཕྲིན་ལས་ཀྱིས་ལམ་ཁྲིད་དེ་ཁོའི་ཚྭ་སྐྱེལ་རུ་ཁག་མཚོ་འགྲམ་གྱི་ཉེ་སར་བཅར་ནས་གཡང་གཟར་གྱི་ལམ་དུ་འགྲོ་རྩིས་བྱས། འོན་ཀྱང་ལམ་ནང་དུ་རྦབ་རྡོ་ཡི་བཀག་ཡོད་པས་ཁོ་ཚོས་གོམ་པ་སྤོ་མཚམས་མི་འཇོག་ཐབས་མེད་དུ་གྱུར། 
    ནོར་ནག་རྣམས་གཡང་གཟར་གྱི་འགྲམ་དུ་ཡོད་པས་ཁོང་ཁྲོ་ལངས་ཏེ་ངུར་སྒྲ་འཐེན་གྱིན་ཡོད་མོད། འོན་ཀྱང་འགག་འཕྲང་དོག་པས་ཚྭ་སྐྱེལ་རུ་ཁག་ཕྱིར་ལོག་མ་ཐུབ་པ་དང་། ཚེ་རིང་འཇིགས་སྐྲག་གི་ངང་ནས་ཨ་མ་དམ་པོར་འཇུས། གཡང་གཟར་གྱི་ངོས་ནས་འཕྲིན་ལས་དང་རྒན་པོ་ཞིག་གིས་ལམ་སླར་གསོ་བྱེད་མགོ་བརྩམས། ལེགས་འགྲུབ་བྱུང་རྗེས། འཕྲིན་ལས་ཡིས་ནོར་དཀར་ཞིག་ཁྲིད་དེ་མདུན་དུ་སོང་། གལ་ཏེ་ཁྱོད་རང་ཚུར་ཡོང་ཐུབ་ཚེ་ནོར་གཞན་པ་དག་ཀྱང་ཁྱེད་རང་གི་རྗེས་དེད་ནས་ཚུར་ལ་ཡོང་སྲིད་ཅེས་ནོར་དཀར་ལ་ལབ།
 
    ནོར་དཀར་དེ་ཐེ་ཚོམ་ཞིག་བྱས་རྗེས་སེམས་ཆུང་ངང་མདུན་དུ་བསྐྱོད། ནོར་གཞན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་རྗེས་སུ་དེད་ནས་ཚུར་ལ་འོང་། ཡིན་ནའང་ནོར་དག་གིས་གོམ་པ་སྤོ་ཐེངས་རེ་རེར་ལམ་ཡང་འགུལ་བཞིན་ཡོད། མཇུག་མཐའི་ནོར་གཅིག་གི་གོམ་པ་སྤོ་སྐབས་ལམ་ཕྲན་གློ་བུར་དུ་བརྡིབས་ནས་ནོར་དེའང་གཡང་གཟར་ངོས་ནས་མཚོ་ནང་དུ་ལྷུངས། འཕྲིན་ལས་ཀྱིས་ཁ་ཕྱིར་འཁོར་ནས་བཤད་དོན། “ནོར་ནག་གཅིག་དང་ཚྭ་ཁུའི་ཁུག་མ་གཉིས་བཅས་མཚོ་ནང་ལྷུང་བ་དེས་ང་ཚོ་ལ་གདོན་འདྲེ་ཡིས་ཉེས་ཆས་བཅད་པ་རེད། བཅད་འོས་པ་ཞིག་ཀྱང་རེད་”ཅེས་བཤད།

ཁ་ཆར་བུ་ཡུག་དང་འཕྲད་ནས་འཕྲིན་ལས་སྐུ་གཤེགས་པ།
འཕྲིན་ལས་ཡི་ཚྭ་སྐྱེལ་རུ་ཁག་མཇུག་མཐར་ཀརྨ་ཡི་རྗེས་ཆོད། ཁོང་གིས་གནས་སྐབས་ཀྱི་སྒར་ས་ཞིག་བཏབ་ནས་ངལ་གསོ་བྱེད་བཞིན་ཡོད་པ་དང་། ཚེ་རིང་སྣེ་ཁྲིད་ཀྱི་གཡག་ཞིག་གི་རྒྱབ་ཏུ་ཞོན་ནས་བསྡད་འདུག་ལ། “འཕྲིན་ལས་གལ་ཏེ་ངས་ཁྱོད་ངའི་རྗེས་ན་ཡོད་པ་ཤེས་ན་ངས་ཁྱོད་ལ་སྒུག་ངེས་ཡིན་ཞེས་བཤད།” ངས་ལྷའི་སློབ་སྟོན་ལྟར་ལམ་ལ་ཆས་པ་ཡིན་ཞེས་འཕྲིན་ལས་ཀྱིས་ང་རྒྱལ་ཆེན་པོའི་ངང་ནས་ལན་བཏབ། ཀརྨ་ཧ་ལས་པའི་སྒོ་ནས་མགོ་བོ་གཡུག་གཡུག་འགའ་བྱས།
 
    ཉིན་དེའི་དགོང་མོར། འཕྲིན་ལས་ཀྱིས་མེ་ཕུང་ནང་དུ་ཚྭ་གཏོར་ནས། ཡར་དཀོན་མཆོག་གསུམ་ལ་ཚྭ་སྐྱེལ་རུ་ཁག་ནམ་ཞིག་ལ་ལམ་ལ་ཆས་དགོས་བ་སྐྱབས་འཇུག་ཞུས། “ཚྭ་དེ་བརླན་བཤེར་ཆེ་བས་མཁའ་དབུགས་ནང་དུ་བསྲེག་སྒྲ་མེད་པར་གྱུར་སོང་བས། དེ་ནི་ཁ་བ་བུ་ཡུག་འཚུབ་རྒྱུའི་སྔ་ལྟས་རེད། ང་ཚོ་ཐང་ཆད་ནའང་ནམ་སྐྱ་རེངས་དང་ལྷན་དུ་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་”ཞེས། འཕྲིན་ལས་ཀྱིས་གཟབ་ནན་གྱི་ངང་ནས་ཁྱབ་བསྒྲགས་བྱས།
 
    ཀརྨས་རྒན་པའི་ལུང་བསྟན་ལ་ཡིད་ཆེས་བྱེད་ཐབས་མེད་པས། ཁོང་གིས་“རྩྭ་ཐང་ལྗང་ཐིང་ཐིང་། ནམ་མཁའ་གཡའ་དྭངས་པས། ང་ཚོས་ཚྭ་རྡོག་གཅིག་གི་ཆེད་དུ་ང་ཚོའི་ངལ་གསོའི་འཆར་གཞི་ལ་བསྒྱུར་བཅོས་བྱེད་མི་རུང་ཞེས་བཤད།” འོན་ཀྱང་རྒན་པ་དེ་དག་མཇུག་མཐར་འཕྲིན་ལས་ཀྱི་རྗེས་དེད་ནས་སོང་བ་དང་། ཀརྨ་དང་ཁོའི་ཚྭ་སྐྱེལ་རུ་ཁག་ཤུལ་ནས་བསྡད། སྡེ་མི་ཞིག་འགྲོ་ཁར་ཁོ་ལ་ཕྱིར་མིག་ཅིག་བལྟས་པ་དང་། ཁོས་“ངོ་མ་བཤད་ན་འཕྲིན་ལས་དང་ཀརྨ་གཉིས་མི་གཅིག་འདྲ་རེད།” ཅེས་ཁེར་ལབ་བྱས།
    ཚྭ་སྐྱེལ་རུ་ཁག་མུ་མཐུད་དུ་ལམ་ལ་ཆས་སྐབས་བར་སྣང་དུ་ཁ་བ་བབས་བྱུང་། ཚེ་རིང་གིས་བཤད་རྒྱུར། ཨ་མྱེས་ཀྱིས་བཤད་པ་འགྲིག་སོང་། ཡུན་རིང་མ་སོང་བར་ལྷགས་པ་ཆེན་པོ་བརྒྱབ་པས་ཁ་བའང་ཆེན་པོ་བབ་བྱུང་། ཚྭ་སྐྱེལ་རུ་ཁག་མུ་མཐུད་དུ་མདུན་དུ་བསྐྱོད་པར་དཀའ་བར་མ་ཟད། ཚེ་རིང་ཡང་འགྲོ་མི་ཐུབ། ནོར་བུ་ཡིས་ཁོ་ནོར་གྱི་རྒྱབ་ཏུ་བཞག་ནས་སྲིང་བལ་གྱི་ཉལ་ཆས་མཐུག་པོ་ཞིག་གི་ནང་དུ་བཏུམ་ནས་བཞག འཕྲིན་ལས་ཀྱིས་སྐད་གསེང་མཐོན་པོས་བཤད་རྒྱུར། “མདུན་སྐྱོད་བྱེད་མཚམས་མ་འཇོག་རོགས། དེ་རིང་ང་ཚོ་ལམ་ཕྲན་འདི་ནས་མདུན་སྐྱོད་བྱེད་མ་ཐུབ་ཚེ། ང་ཚོ་ཚང་མས་ཁ་བའི་འོག་ལ་ནོན་སྲིད།”
 
    འོན་ཀྱང་ལུས་ཟུངས་ཟད་པའི་རུ་མི་རྣམས་ཀྱིས་འགོར་འགྱངས་བྱེད་མགོ་བརྩམས། “མུ་མཐུད་དུ་སོང་། ང་རང་རྒྱབ་ཕྱོགས་སུ་སོང་ནས་མི་བོར་ཡོད་མེད་ལ་ཞིབ་བཤེར་ཞིག་བྱེད།” བཤད་ཚར་རྗེས། འཕྲིན་ལས་རུ་ཁག་གི་མཇུག་ཏུ་སོང་། འོན་ཀྱང་ཁོ་ཁ་བའི་ནང་དུ་འགྱེལ་ཡོད་པ་སུས་ཀྱང་མ་ཤེས། ཁོ་ཚོ་སྒར་སར་ཐོན་དུས། ཚེ་རིང་གིས་སེམས་སྡུག་ཆེན་པོས་ངའི་ཨ་མྱེས་གང་ལ་བུད་ཐལ། ཞེས་ཕྱོགས་བཞིར་བཙལ་བཞིན་འདུག
    བླ་མ་ནོར་བུས་ཀྱང་སེམས་ཁུར་ཆེན་པོ་བྱེད་ཀྱིན་འདུག ཡིན་ནའང་ཁོས་ཁ་བ་བུ་ཡུག་འཚུབ་པའི་གདོང་བསུས་ཏེ་རང་གི་ཨ་ཕ་འཚོལ་དུ་འགྲོ་སྐབས། ཆ་རྒྱུས་ཡོད་པའི་གཟུགས་བརྙན་ཞིག་ཁོ་ཚོའི་ཕྱོགས་སུ་ཡོང་བ་མཐོང་བྱུང་། དེ་ནི་ཏག་ཏག་ཨ་ཕ་འཕྲིན་ལས་རྒྱབ་དུ་འཁུར་ནས་ཁ་བ་བུ་ཡུག་ཁྲོད་དུ་དཀའ་ཚེགས་ཆེན་པོས་མདུན་དུ་ཡོང་བཞིན་པའི་ཀརྨ་རེད། ཁོ་ཚྭ་སྐྱེལ་རུ་ཁག་གི་རྗེས་འབྲང་ནས་ཁ་བའི་གཡོགས་པའི་འཕྲིན་ལས་རྙེད། ཚང་མ་སྔོན་དུ་སོང་ནས་ཁོ་ལ་རོགས་རམ་བྱས། འཕྲིན་ལས་ཡིས་དལ་མོར་མིག་ཅུང་ཙམ་ཕྱེས་ཤིང་། ཁོ་རང་ད་དུང་གསོན་ཡོད་མོད། འོན་ཀྱང་ཁོ་རང་ཡར་ལངས་ནས་མདུན་བསྐྱོད་བྱེད་མི་ཐུབ།
 
    ཕྱི་ཉིན། ཚྭ་སྐྱེལ་རུ་ཁག་རི་རྩེར་སླེབས་པ་དང་འཕྲིན་ལས་ཀྱིས་ལུས་ཕུང་ཉམས་ཞན་དུ་གྱུར་པ་དང་། ད་དུང་ཁོའི་ལག་ཏུ་དར་ལྕོག་ཞིག་བཟུང་ནས། ཀརྨ་ལ་རི་རྩེར་འདོགས་རུ་བཅུག་ནས་སངས་རྒྱས་ལ་དད་གུས་བྱེད་པ་མཚོན། ཀརྨས་བཤད་རྒྱུར་“འཕྲིན་ལས་ཁྱོད་ངའི་ཨ་ཕ་ཡིན་རྒྱུ་ན་ཅི་མ་རུང་ཞེས་བཤད།” འཕྲིན་ལས་ཀྱིས་ཀརྨ་ལ་“ཁྱོད་ནི་ངའི་བུ་དང་འདྲ་ཅེས་”ལན་བཏབ། རྗེས་ཕྱོགས་ཁྱོད་ནི་དོལ་པོ་བའི་མི་རེད། སེམས་ལ་ཟུངས་ཤིག ཚོ་དཔོན་ཞིག་གིས་ཁོའི་ཁྱིམ་རྒྱུད་ལ་སྣེ་ཁྲིད་བྱེད་སྐབས། དེ་ནི་ཁོ་ལ་ལྷའི་མངགས་བཅོལ་ཐོབ་པས་སྟབས་ཡིན་ཞེས་བཤད་ཚར་རྗེས་འཕྲིན་ལས་ཚེ་ལས་འདས། ཚེ་རིང་སྐད་ཆེན་པོས་ངུས་སོང་།
 
ན་གཞོན་ཚེ་རིང་ཚོ་དཔོན་དུ་འགྱུར་བའི་ལམ་བུ།
ཀརྨས་“འཕྲིན་ལས་འགྲིག་འདུག ཁོས་ཁ་བ་བུ་ཡུག་ཡོང་བར་སྔོན་དཔོག་བྱས་ཐུབ་པ་རེད། འོན་ཀྱང་ང་ལ་དེ་འདྲའི་མངོན་ཤེས་མེད།” ཞེས་བཤད། ནོར་བུས་“གལ་ཏེ་ཁྱོད་རང་ཅུང་ཙམ་འགོར་ནས་ཁ་བྲལ་མེད་ཚེ་ཁོ་སྐྱོབ་ཐུབ་ཀྱི་མ་རེད།” ཞེས་བཤད། དེ་ནས་ཚྭ་སྐྱེལ་རུ་ཁག་དལ་མོའི་ངང་གྲོག་རོང་དུ་སླེབས། ནོར་བུ་ཨ་ཕ་འཕྲིན་ལས་ཀྱི་བེམ་པོའི་འགྲམ་དུ་བསྡད་ནས་ཞལ་འདོན་འདོན་ཞོར་བསྔོ་བ་སྨོན་ལམ་བྱས། 

མཇུག་མཐར་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་མཇུག་སྒྲིལ་བ་དང་། ཁོང་ཚོས་མཇུག་མཐར་ཚྭ་དེ་དགུན་ཟས་ཀྱི་འབྲུ་རིགས་ལ་བརྗེས་ཐུབ་བྱུང་པ་རེད། ཚེ་རིང་ཡ་མཚར་པའི་ངང་ནས་རང་གི་མཐའ་འཁོར་གྱི་ཡོད་ཚད་ལ་ལྟ་ཞིབ་ཞིག་བྱེད་བཞིན། ས་གནས་དེ་ནི་ཁོ་རང་འཚར་ལོངས་བྱུང་སའི་ཁོར་ཡུག་དང་ཁྱད་པར་ཆེན་པོ་ཡོད་པ་ཤེས།

    ཁོ་རང་སྔོ་ལྗང་གི་རྩྭ་ཐང་ཞིག་ཏུ་སོང་སྟེ། སྡོང་རྒན་ཆེན་པོ་ཞིག་གི་འགྲམ་དུ་ལངས་ནས་དེ་ལ་བལྟས་ཚེ། དེ་ནི་ཁོའི་མི་ཚེའི་ནང་ཐེངས་དང་པོར་མཐོང་པའི་སྡོང་རྒན་ཆེན་པོ་དེ་ཡིན་ལ། ཁོ་རང་སྡོང་བོ་དེའི་རྩེ་ལ་འགོ་བསམ་ནས། ཕ་ཡུལ་ལ་ཕྱིར་ལོག་པའི་ལམ་ཐག་རིང་བོ་དེར་རྒྱང་བལྟ་ཞིག་བྱེད་འདོད་པ་དེ་རེད། ཁོ་རང་ཚོ་དཔོན་ཞིག་ཏུ་འགྱུར་བར་གྲ་སྒྲིག་བྱས་ཡོད།

རྩོམ་པ་པོ་ངོ་སྤྲོད།
བླ་མ་[1]བསྟན་འཛིན་ནོར་བུ། 1971 ལོར་དོལ་པོའི་རི་གྲོང་ཆུང་ཆུང་ཞིག་ཏུ་སྐྱེས།  བླ་མ་བསྟན་འཛིན་ནོར་བུ་ནི་དགོན་པའི་ནང་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། ཁོང་གིས་དགོན་པ་ནང་ནས་རི་མོ་བྲིས་ནས་གྲྭ་བ་བྱེད་རྩིས་བྱས། ཁོང་གི་བརྩམས་ཆོས་ཤིག་གི་རིང་ཚད་ལ་སྨི་བརྒྱད་ལྷག་ཙམ་ཡོད་པས། ཟླ་དྲུག་གི་དུས་ཚོད་སྤྱད་ནས་ལེགས་འགྲུབ་བྱེད་དགོས་པ་དང་། བསྟན་འཛིན་ནོར་བུ་ནི་ནོར་བུ་ཡི་སྤྲུལ་བ་ཡིན་པར་འདོད། ཁོ་ད་ལྟ་བལ་བོའི་རྒྱལ་ས་ཀཱ་ཋ་མཱན་ཌུར་བསྡད་ཡོད། འོན་ཀྱང་ཁོ་རང་ཟླ་གསུམ་གྱི་རིང་དོལ་པོ་ནས་སྡོད་ཀྱི་ཡོད། ཁོ་རང་གིས་བརྩམས་ཆོས་བར་བཅུག་རི་མོ་ནི་«ཧི་མ་ལ་ཡའི་ལོ་ཆུང་ཚོ་དཔོན་ཞིག་གི་གཏམ་རྒྱུད།»ཟེར་བ་དེའི་ནང་ཉར་ཚགས་བྱས་ཡོད།
 
[1] བླ་མ་ནི་གྲྭ་བ་སོགས་ལ་མི་གོ་བར། དོལ་པོ་ཡུལ་གྱི་རུས་ཞིག་ལ་གོ


རྩོམ་ཁུངས། ཆ་རུ་འཕྲིན་སྟེགས་ལས་བཤུས་ཤིང་ཡིག་ནོར་དུ་མ་བཅོས་ཏེ་སྤེལ།
 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།