རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Showing posts with label གསར་འཕྲིན།. Show all posts
Showing posts with label གསར་འཕྲིན།. Show all posts

Saturday, 17 September 2022

མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་ནས་གདན་ས་ཆེན་མོ་རྣམ་གྲོལ་གླིང་དུ་བསྐྱངས་གནང་བའི་མཛད་ཕྲིན་ཁག་ཕྱོགས་བསྡུས།

སྔ་འགྱུར་མཐོ་སློབ་ཆེན་མོའི་ངོ་དེབ་དྲྭ་བ་ལས་བཤུས།

༈ རིགས་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ། ༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཕྲིན་ལས་ཀྱི་བྱེད་པོ། སྡོམ་གསུམ་སྡེ་སྣོད་འཛིན་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན། མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག བོད་རབ་རྒྱན་ཆུ་ཕོ་སྟག ཕྱི་ལོ་ ༢༠༢༢ ལོར་ཡབ་རྗེ་གྲུབ་དབང་བླ་མའི་གདན་ས་འདིར་མཛད་རིམ་བཀའ་དྲིན་བསྐྱངས་པ་རྣམས་ཀྱི་ངོ་སྤྲོད།


བོད་རབ་རྒྱན་ཆུ་ཕོ་སྟག་གི་སྣྲོན་ཟླ་བའི་ཚེས་ ༡༦ གི་ཕྱི་དྲོ། འདི་གར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་བདེ་བར་འཁོད། ཚེས་ ༡༧ གྱི་ཕྱི་དྲོ་ཆུ་ཚོད་ ༥:༠༣ ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་རྣམ་པ། མཁན་རིན་པོ་ཆེ་མཆོག་གི་སྐུ་མདུན་མཇལ་བཅར་གྱིས། མཐོ་སློབ་ཆེན་མོའི་སོང་ཟིན་སྙན་སེང་དང་འབྱུང་འགྱུར་བཀའ་སློབ་ལམ་སྟོན་ཞུས། 

Saturday, 11 June 2022

ཉེ་ཆར་བལ་ཡུལ་གྱི་གློག་བརྙན་ཁང་ཞིག་ཏུ་གློག་བརྙན་འཁྲབ་སྟོན་མ་ཞིག་དང་བོད་བརྒྱུད་ནང་པའི་དགེ་འདུན་པ་གཉིས་ཀྱི་དབར་གནས་ཚུལ་ཚབས་ཆེན་ལྷག་པའི་སྐོར་ཟིན་ཐོ་དང་པོ།



སྤྱི་ཟླ་ ༠༥ ཚེས་ ༢༧ ཉིན་ནས་བཟུང་བལ་ཡུལ་གྱི་གློག་བརྙན་ཁང་ཁག་ཏུ། «ཀ་བཌྜི་བཞི་པ་»ཞེས་པའི་བརྩེ་སྒྲུང་དང་འབྲེལ་བའི་དགོད་བྲོའི་ཟློས་གར་རང་བཞིན་ཅན་གྱི་གློག་བརྙན་གསར་པ་ཞིག་སྤྱི་ཚོགས་མདུན་སར་བཤམས་སྟོན་བྱས་ཡོད་ཅིང་། གློག་བརྙན་དེ་ནི་མུ་འབྲེལ་གློག་བརྙན་ཞིག་ཡིན་པ་མ་ཟད། ད་ཐེངས་ཀྱི་གློག་བརྙན་དེ་ཉིད་འཁྲབ་ཚན་བཞི་པ་རེད་འདུག་ལ་མཐའ་མ་དེ་ཡང་རེད་འདུག གློག་བརྙན་དེ་ཉིད་བཤམས་སྟོན་བྱེད་འགོ་ཚུགས་ནས་བཟུང་བལ་ཡུལ་ནང་ཧ་ཅང་གི་གྲགས་པས་ཁྱབ་ཅིང་། ཡོང་འབབ་ལ་བསམ་ན་ཉིན་འགའ་ཤས་ནང་ཐོག་མའི་མ་རྩ་ལས་གསུམ་ལྡབ་བཞི་ལྡབ་ཀྱིས་ཡོངས་སུ་བརྒལ་བ་བྱུང་ཞིང་། བལ་ཡུལ་ནང་ད་བར་དེ་ལྟར་ཡོང་འབབ་བྱུང་མྱོང་མེད་པར་གྲགས། 

Friday, 12 March 2021

དོལ་པོ་གསེར་གྱི་ཕོར་པའི་རོལ་རྩེད་ཐེངས་གཉིས་པ་ཁ་དགེ་བཀྲ་ཤིས་དང་གཟི་བརྗིད་ལྡན་པའི་ངང་མཐའ་གྲུབ་པ།


དོལ་པོ་རྩེད་འགྲན་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་དོལ་པོ་གསེར་གྱི་ཕོར་པའི་སྤྱི་ལོ་ ༢༠༢༡ ལོའི་རྐང་རྩེད་པོ་ལོའི་རོལ་རྩེད་ཐེངས་གཉིས་པ་དེ་ཟླ་འདིའི་སྤྱི་ཚེས་ ༠༦ ཉིན་བལ་ཡུལ་རྒྱལ་ས་ཀཱཋ་མཱཎྜཽའི་མངའ་ཁོངས་བཽདྡྷའི་ཉེ་འདབས་སུ་ཁ་དགེ་བཀྲ་ཤིས་དང་གཟི་བརྗིད་ལྡན་པའི་ངང་མཐའ་གྲུབ་འདུག རྩེད་འགྲན་རུ་ཁག་ནང་ཁྱོན་རུ་ཁག་ ༡༨ ཐམ་པ་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ལས་བུའི་རུ་ཁག་ ༡༤ དང་བུ་མོའི་རུ་ཁག་ ༤ བཅས་ཡོད་པ་རེད་འདུག རྩེད་འགྲན་འདི་ནི་ས་གནས་ལེ་ཧི་མཱ་ལ་ཡ་ཕུཊ་སལ་དུ་ཉིན་གཅིག་གི་རིང་རྩེད་འགྲན་བྱས་པ་ཞིག་ཡིན་པར་དོལ་པོ་རྩེད་འགྲན་ཚོགས་པའི་ཚོགས་གཙོ་བུ་ཆུང་ལགས་ནས་འགྲེལ་བརྗོད་གནང་།

Friday, 19 June 2020

བལ་ཡུལ་དུ་དོལ་པོ་རྩེད་འགྲན་ཚོགས་པས་དོལ་པོའི་གསེར་གྱི་ཕོར་པའི་རོལ་རྩེད་དབུ་བཙུགས་པ།

དོལ་པོ་རྩེད་འགྲན་ཚོགས་པ་[1]ནི་སྤྱི་ལོ་ ༢༠༡༩ ལོར་བལ་ཡུལ་གཞུང་ལ་དེབ་སྐྱེལ་གྱིས་དབུ་ཚུགས་པ་ཡིན་འདུག འཛམ་བུ་གླིང་འདིར་རྒྱལ་ཁམས་ཁྱོན་ཡོངས་སུ་དང་པོ་སོ་སོའི་ས་གནས་ནས་བཟུང་། རིམ་བཞིན་རྫོང་དང་མངའ་སྡེ་རྒྱལ་ཁབ་ཕན་ཚུན་གྱི་རྩེད་འགྲན་ཚོ་ཁག་དུ་མ་ཡོད་པ་རེད། འོན་ཀྱང་དོལ་པོ་ལ་མཚོན་ན་ས་ཐག་འགྱངས་པ་ལ་སོགས་པའི་སྟབས་ཀྱིས་དེ་ལྟ་བུའི་དམིགས་བསལ་རྩེད་འགྲན་ཞིག་མེད་པ་སོང་ཙང་ཏོག་ཙམ་རྗེས་ལུས་ཀྱི་རྣམ་པ་ལྟ་བུ་ཆགས་ཡོད། སྤྱིར་བཏང་འདས་པའི་ལོ་གསུམ་བཞིའི་རིང་དོལ་པོ་སློབ་ཕྲུག་ཚོགས་པས་བལ་ཡུལ་ནང་ཡོད་དོལ་པོའི་སློབ་ཕྲུག་དང་། དེ་མིན་དོལ་པོའི་ཕོ་གཞོན་མོ་གཞོན་ཚང་མ་ལ་རྩེད་འགྲན་གྱི་གོ་སྒྲིག་གནང་ཡོད། ཡིན་ནའང་དེའི་རྗེས་སུ་དཔལ་འབྱོར་གྱི་མཐུན་རྐྱེན་མ་ལྡང་བ་ལ་སོགས་པའི་གནས་སྟངས་འོག་ནས། དོལ་པོ་སློབ་ཕྲུག་ཚོགས་པས་རྩེད་འགྲན་དེ་མུ་མཐུད་གོ་སྒྲིག་གནང་ཐུབ་མེད།

Monday, 18 May 2020

དི་ཝེཤ་པོཁ་རེལ་ལམ་ཨར་ཐར་གྷན་ལགས་ཨ་མི་རི་ཀན་ཨཱའི་ཌོལ་གྱི་རྩེ་ཕུད་རྒྱལ་ཁ་ལོན་མཁན་བལ་ཡུལ་བ་དང་པོ་ཆགས་ཏེ་ལོ་རྒྱུས་གསར་པ་བསྐྲུན་སོང་།

སྤྱི་ལོ་ ༢༠༡༤ ལོར་མཐོ་རིམ་སློབ་སྦྱོང་སྦྱོང་དུ་ཨ་མི་རི་ཀར་འབྱོར་བའི་བལ་ཡུལ་གྱི་ན་གཞོན་ཕོ་གསར་དི་ཝེཤ་པོཁ་རེལ་ཁོང་། འཛམ་གླིང་ནང་གཞན་ལས་ཁྱད་དུ་འཕགས་པའི་གླུ་གཞས་འགྲན་རྩེད་ཐད་གཏོང་འཁྲབ་སྟོན་དུ་བརྩི་བའི་ཨ་མི་རི་ཀན་ཨཱའི་ཌོལ་[1]གྱི་རྩེ་ཕུད་རྒྱལ་ཁ་ལོན་མཁན་ཆགས་ནས་ལོ་རྒྱུས་གསར་སྐྲུན་བྱས་ཡོད་པ་རེད། ཐེངས་ ༡༨ ཐམ་པའི་ཨཱའི་ཌོལ་འདི་དག་གི་ནང་དི་ཝེཤ་པོཁ་རེལ་ནི་མཐའ་མའི་འགྲན་སྡུར་ཁྲོད་དུ་སླེབས་མཁན་བལ་ཡུལ་བ་ཐོག་མ་ཡིན། འདི་ནི་དངོས་གནས་ལོ་རྒྱུས་ཅན་གྱི་གྲུབ་འབྲས་ཞིག་རེད། འོས་འཕེན་གྱི་བརྒྱུད་དུས་ཚོད་ཉུང་ཉུང་རེའི་ཕ་རོལ་དུ་བརྒལ་ནས་འགྲན་རྩེད་པ་ཕུལ་བྱུང་གི་གོ་གནས་ཤིག་བླངས་པ་རེད།

Tuesday, 28 April 2020

བལ་ཡུལ་ནང་པའི་ཚོགས་ཆེན་ནས་ལོ་འདིར་སྟོན་པའི་དུས་ཆེན་བརྩི་སྲུང་བྱ་རྒྱུ་མིན་པའི་སྐོར་ཐག་གཅོད་གནང་འདུག

ད་ལམ་ཀོ་རོ་ན་ནད་ཡམས་འདིའི་རྐྱེན་གྱིས་བལ་ཡུལ་ཚུད་པའི་འཛམ་གླིང་ཁྱོན་ཡོངས་འུ་ཐུག་ཐབས་ཟད་གནས་ལ་གྱར་དུས། ལོ་འདིར་སྟོན་པའི་དུས་ཆེན་དེ་སྲུང་བརྩི་བྱ་རྒྱུ་མ་ཡིན་པ་ཆགས་འདུག བལ་ཡུལ་ནང་པའི་ཚོགས་ཆེན་ནས་སྟོན་པའི་དུས་ཆེན་སྲུང་བརྩི་མུ་མཐུད་རྒྱུན་སྐྱོང་གནང་བའི་བརྒྱུད། འདི་ལོར་སྟོན་པའི་དུས་ཆེན་ ༢༥༦༤ པ་དེ་རྒྱས་སྟོན་ཆེན་པོའི་ཚུལ་དུ་བཀོད་སྒྲིག་བྱ་རྒྱུ་མིན་པའི་སྐོར་ཐག་གཅོད་བྱས་པ་རེད། ཀོ་རོ་ན་ནད་དུག་གི་ནད་ཡམས་ཚབས་ཆེན་འདིའི་གནས་སྟངས་ལས་གྲོལ་ཆེད་རྒྱལ་ཡོངས་ཀྱི་ས་ཕྱོགས་ཕལ་ཆེ་བར་ཐེམ་སྤང་བཀའ་རྒྱ་བྱས་ཡོད་པ་དང་། དེ་བཞིན་བལ་ཡུལ་གཞུང་གི་ཁྲིམས་གཞི་རྩ་འཛིན་གཞིར་བཟུང་ཕན་ཚུན་འཛོམས་འདུ་བྱས་ནས་ཚོགས་པ་འཚོག་རྒྱུར་བཀག་རྒྱ་བྱས་ཡོད་པའི་རྐྱེན་གྱིས་དང་། ཚབས་ཆེན་ནད་ཡམས་འདི་འཕེལ་བར་མི་འགྱུར་བའི་ཆེད། བལ་ཡུལ་ནང་པའི་ཚོགས་ཆེན་ནས་ད་ལམ་སྟོན་པའི་དུས་ཆེན་ཉིན་མོར་དམིགས་བསལ་མཛད་སྒོ་འཚོག་རྒྱུ་མིན་པ་བྱས་པ་རེད།

Tuesday, 21 April 2020

འགུལ་རིས་གློག་བརྙན་གྱི་ཡབ་ཆེན་དུ་འབོད་པ་ཞིག་འདས་གྲོངས་སུ་ཕྱིན།




གསར་འགོད་པ། སངས་རྒྱས་དཀོན་མཆོག


འཛམ་གླིང་ནང་སྐད་གྲགས་ཅན་གྱི་འགུལ་རིས་གློག་བརྙན་ཙི་ཙི་དང་ཞི་མི་ཡི་འཁྲབ་ཁྲིད་པ་སྐུ་ཞབས་རྗན་དྷེ་ཆི་ལགས་རང་ལོ་ ༩༥ ཐོག་འདས་གྲོངས་སུ་ཕྱིན། ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་འགུལ་རིས་རི་མོ་བ་དང་འགུལ་རིས་གློག་བརྙན་བཟོ་སྐྲུན་པ། འགུལ་རིས་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན། འཛམ་གླིང་ཡོངས་སུ་ཆེས་གྲགས་ཆེ་བའི་བྱིས་པའི་འགུལ་རིས་གློག་བརྙན་ཙི་ཙི་དང་ཞི་མི་ (Tom and Jerry) ཡི་འཁྲབ་འཁྲིད་པ་སྐུ་ཞབས་རྗན་དྷེ་ཆཱི་ (Gene Deitch) ལགས། དགུང་ལོ་ ༩༥ སྟེང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕལ་གྷོའི་ (Prague) རང་ཤག་ནས་འདས་གྲོངས་སུ་སོང་ཡོད་འདུག

Monday, 6 April 2020

ཐོན་ལ་ཉེ་བའི་དེབ་གསར་གསལ་བརྡ།

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་གི་ངོ་དེབ་དྲྭ་བ་ལས་བཤུས།

༈ རྒྱ་ཆེའི་གཟིགས་པ་པོ་ཡོངས་ལ་ཆེད་དུ་ཞུ་རྒྱུར།

       
འདི་ག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདི་ནས་བསླབ་པ་མཐར་སོན་པའི་མཁན་སློབ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལྔ་ལྷག ལོ་རེར་མཐོ་སློབ་ཆེན་མོ་འདིས་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་གང་སར་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་མུས་སུ་ལགས་ཤིང་། ཁོང་རྣམ་པའི་བཤད་པའི་ཁྲིད་དང་ལུང་གི་བརྒྱུད་པ་དེ་འདི་གའི་མཐོ་སློབ་ཆེན་མོའི་རྩ་བ་དང་ཡན་ལག་གི་སློབ་ཚན་མདོ་སྔགས་རིག་གནས་དང་བཅས་པའི་ཁྲིད་དང་ལུང་གི་བརྒྱུད་ཚུལ་ལ་རག་ལས་པས། དེ་ཡང་ཕུགས་དེད་ན་ཆུ་འགོ་གངས་ལ་ཐུག་པ་ལྟར་གཙོ་བོ་མཁན་ཆེན་རྣམ་གསུམ་ལ་ཐུག་གི་ཡོད་སྟབས། ད་ལྟ་མཁན་ཆེན་རྣམ་གསུམ་དངོས་སུ་ཞལ་བཞུགས་པའི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས། ང་ཚོས་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་གསང་ཆེན་སྔ་འགྱུར་རྙིང་མ་བ་དང་། ཁྱད་པར་དུ་མཐོ་སློབ་ཆེན་མོའི་དགེ་སློབ་ཡོངས་ལ་དམིགས་ནས། མཐོ་སློབ་འདིའི་མདོ་སྔགས་རིག་གནས་དང་བཅས་པའི་ཁྲིད་དང་ལུང་གི་བརྒྱུད་ཚུལ་ཞིག་ཁ་གསལ་དགོས་ངེས་ཆེ་བར་མཐོང་ནས། འདི་ལོའི་དགུན་ཁའི་གུང་གསེང་དང་སྟབས་བསྟུན་ནས་«སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྩ་བ་དང་ཡན་ལག་གི་སློབ་ཚན་རྣམས་ཀྱི་ཁྲིད་དང་ལུང་གི་རྒྱུན་མཁན་ཆེན་རྣམ་གསུམ་བར་ཇི་ལྟར་བརྒྱུད་ཚུལ་འདོད་འབྱུང་ནོར་བུའི་ཕྲེང་བ།»ཞེས་པའི་དཔེ་དེབ་འདི་ཉིད་རྩོམ་སྒྲིག་ཞུས་པ་ལགས་ན། རྒྱ་ཆེའི་གཟིགས་པ་པོ་ཡོངས་ཀྱི་སྤྱན་སྔར་མི་རིང་བར་ཐོན་ལ་ཉེ་བས་དགྱེས་གཟིགས་གནང་ཆོག 

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས། སྤྱི་ལོ་ ༢༠༢༠ ཟླ་བ་ ༠༤ ཚེས་ ༠༦ ཉིན།