གསུང་བ་པོ། རྫ་ཚེ་རིང་བཀྲ་ཤིས།
ངས་འདི་ནས་དྲ་ཐོག་ནས་དབང་བསྐུར་ན་ཐོབ་མི་ཐོབ་སྐོར་གླེང་བར་མི་སྤྲོ། ཅིའི་ཕྱིར་ན་ཐོབ་མཁན་ཡང་ཡོད་སྲིད་ལ་མི་ཐོབ་མཁན་ཡང་ཡོད་སྲིད། དབང་ཐོབ་མ་ཐོབ་དེ་དད་པ་ཡོད་མེད་ཙམ་གྱིས་མི་འགྲིག་པར་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ཡང་ཡང་ནན་ཏན་བྱས་ནས་གསུངས་སོང་། རྒྱལ་བ་རིན་པོ་ཆེ་ནས་ཀྱང་དུས་རྒྱུན་དུ་དབང་ཐོབ་པ་ལ་དད་པ་ཙམ་གྱིས་མི་འགྲིག་པར་གཡོ་བ་མེད་པའི་དད་པ་དགོས་ཞེས་གསུང་གིན་ཡོད་པ་རེད། དེ་ཧ་ཅང་གིས་གནད་འགག་ཆེན་པོ་རེད།
དེས་ན་འདི་ནས་བཤད་པར་བྱ་བ་དངོས་ནི། དྲ་ཐོག་ནས་དབང་བསྐུར་ཀྱང་འགྲིག་ལ་མ་བསྐུར་ཀྱང་འགྲིག་པ་ཡིན།
དེ་ལ་ཁྱད་པར་མེད། འོན་ཀྱང་དྲ་ཐོག་དབང་བསྐུར་ལམ་ལུགས་དེ་བྱུང་ཚར་ནས་བཟུང་། དབང་བསྐུར་ཚུལ་དང་བསྐུར་ཡུལ་གཉིས་ལ་ས་མཚམས་ཤིག་ངེས་པར་བཟོ་དགོས།
ཅིའི་ཕྱིར་ན་ད་ལྟ་ཐེ་ཝན་དེ་བར་བོད་བརྒྱུད་ནང་བསྟན་གྱི་མིང་འཁུར་ནས་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་ཟེར་མཁན་དུས་འཁོར་དབང་ཆེན་སོགས་ཀྱི་དབང་རྒྱུན་མེད་པ་ལ་ཡོད་མདོག་བྱས་ནས།
མི་ཚོགས་ཁྲི་ཚོ་ཁྲི་ཚོ་བརྒལ་བར་དབང་བསྐུར་བྱེད་བཞིན་འདུག་པས། དེ་དག་གིས་ནམ་ཞིག་གི་ཚེ་ན་ང་ཚོའི་བླ་ཆེན་ཚོས་དེའི་ཚེ་དེའི་དུས་ན་དྲ་ཐོག་ནས་དབང་བསྐུར་བ་ལས་ཐོབ་ཅེས་ཟེར་མི་སྲིད་པ་མ་རེད།
ཡང་ཕྱོགས་གཅིག་ནས་ང་རང་ཚོའི་གྲྭ་པ་མཁན་སྤྲུལ་བླ་མ་དག་གིས་ཀྱང་མ་འོངས་པ་ན། “ངས་ཀྱང་དྲ་ཐོག་ནས་དབང་བསྐུར་ཆོག
སྐྱབས་མགོན་རིན་པོ་ཆེས་གནང་གི་འདུག་ག” ཟེར་བ་ལྟ་བུ་དང་། “དེའི་ཚེ་དེའི་དུས་ན་སྐྱབས་མགོན་རིན་པོ་ཆེས་ང་ལ་དབང་དེ་གནང་སོང་།”
ཟེར་བ་ལྟ་བུ་དང་། དྲ་ཐོག་ནས་དབང་མ་བསྐུར་ཀྱང་ཐོབ་སོང་ཟེར་བ་ལྟ་བུ་དེ་དང་དེ་ལྟ་བུ་རིགས་མང་པོ་ཞིག་ཡོང་མི་སྲིད་པ་མིན་པས།
དེ་དག་ནི་རྫུན་མ་འཁྲབ་མཁན་སྐབས་འཚོལ་བ་དག་དག་ཆགས་ཀྱི་ཡོད་པ་དང་། དཔེ་ཆའི་ནང་དེ་བར་རྐུ་ཐབས་སུ་གནས་པ་ཟེར་བ་ལྟ་བུ་དང་གཅིག་པ་ཆགས་ཀྱི་ཡོད་པ་རེད།
དེར་བརྟེན་དེ་དག་གི་ཐོག་ལ་ངེས་པར་དུ་བསམ་བློ་ཞིག་གཏོང་དགོས་འདུག ད་ལྟ་ནས་ཟབ་ཟབ་མ་བྱས་ན་མ་འོངས་པ་ན་དབང་ཞུས་མ་ཞུས་དང་ཐོབ་མ་ཐོབ་ལ་ས་མཚམས་གཏན་ནས་མེད་པ་ཆགས་ཀྱི་རེད།
དེས་ན་དྲ་ཐོག་ནས་སྤྱིར་བཏང་གི་བཀའ་ཆོས་གནང་སྟངས་དང་མི་འདྲ་བར། དམིགས་བསལ་དབང་ལུང་གནང་སྟངས་ཐོག་ངེས་པར་དུ་མ་མཐའི་ས་མཚམས་ཀྱི་ཁྲིམས་གཞི་གཏན་འབེབས་རེ་དགོས་གལ་ཆེ། དཔེར་ན་སྤྱིར་བཏང་བཀའ་ཆོས་ལ་སོགས་པ་གནང་བའི་ཚེ་ངོ་དེབ་སོགས་སུ་ཐད་གཏོང་གིས་གནང་ནའང་འགྲིག གཞན་དབང་བསྐུར་ལ་སོགས་པ་གནང་བའི་ཚེ། དབང་ཆོས་གོ་སྒྲིག་པ་རྣམས་དང་ཞུ་བ་པོ་ཚང་མས་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་གལ་ཆེ། དེ་ཡང་དབང་ཞུ་བ་པོ་གཡོ་བ་མེད་པའི་དད་པ་དམ་ཚིག་དང་ལྡན་པའི་གང་ཟག་རེ་རེ་ནས་ཐོ་འགོད་བྱས་ཏེ། དེ་དག་ཁོ་ན་ལ་དམིགས་བསལ་གྱིས་དྲ་ཐོག་ནས་ཐད་གཏོང་བརྙན་འཕྲིན་གྱི་ཚོགས་པ་འདྲ་བཟོས་ནས། དབང་བསྐུར་གནང་སྟངས་ཀྱི་ཐབས་ཤེས་གང་ཡག་འདྲ་བེད་སྤྱད་ན་ལེགས་བསམ། ཁ་སང་དྲ་ཐོག་ན་གསུང་བཤད་གནང་མཁན་མང་པོ་ཞིག་གིས་གནད་འགག་དེའི་སྐོར་གསལ་བཤད་གནང་གི་མི་འདུག དེས་ན་ངས་གནད་དོན་དེའི་སྐོར་བསམ་བློ་གྲ་སྒྲིག་ཡོད་པའི་ཐོག་ལྷག་བསམ་རྣམ་དག་གིས་ཞུ་ཁུལ་བྱས་པ་ཡིན། མ་འོངས་པ་ན་དྲ་ཐོག་ནས་དབང་བསྐུར་ན་ཆོག་མི་ཆོག་ཟེར་བ་དེ་ལམ་ལུགས་ཡོད་མེད་ལ་རག་ལས་པ་རེད། ལམ་ལུགས་དེ་ཡོད་ན་མུ་མཐུད་གནས་དགོས་པ་རེད། དེ་གནས་དགོས་པར་མ་མཐའི་ཚད་བཀག་ཅིག་དང་འགྲོ་སྟངས་ཤིག་མེད་ན་མེད་ཐབས་རེད། དེར་བརྟེན་མདོ་དོན་ཡང་སྙིང་དྲྭ་ཐོག་དབང་བསྐུར་ལམ་ལུགས་དེས་མ་འོངས་པའི་ཁེ་ཉེན་ལ་བསམ་བློ་ནན་པོ་ཞིག་གནང་དགོས་འདུག་ཞུ་རྒྱུ་ཡིན།
ཞེས་ཁ་སང་དགོང་མོ་རྒྱ་གར་ཆུ་ཚོད་བདུན་པ་ཙམ་ནས་བརྒྱད་པ་ཡོལ་ཙམ་གྱི་བར་ཆུ་ཚོད་གཅིག་ལྷག་གི་རིང་།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཉིད་ཀྱི་ངོ་དེབ་ཐད་གཏོང་བརྙན་འཕྲིན་བརྒྱུད། ཉེ་ཆར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱི་གསུང་བཤད་དང་འབྲེལ་ཏེ།
བརྗོད་བྱ་དོན་ཚན་བཅུ་གཅིག་གི་ལམ་ནས་ད་ལྟའི་རྙོག་གླེང་དེར་གསལ་བཤད་གནང་འདུག་པ་དང་། གསལ་བཤད་དེའི་བརྗོད་དོན་སྙིང་པོ་གང་ཡིན་མ་ཤེས་པས།
གཤམ་དུ་མཆན་འདེབས་མཁན་དུ་མ་ཞིག་གིས། “ཉོག་པོ་བཤད་ཀྱི་འདུག རྡོག་རྡོག་ག་རེ་བཤད་ཀྱི་ཡོད།”
ཟེར་བ་ལྟ་བུ་ལ་སོགས་པ་མཆན་དུ་མ་བྲིས་པ་མཐོང་ཞིང་། ངོས་རང་ཁོང་གི་སྐད་ཆ་ཕལ་ཆེ་བར་འཐད་སྣང་དང་བདེན་སྣང་འབའ་ཞིག་བྱུང་སོང་བས།
ཐད་གཏོང་བརྙན་འཕྲིན་མཇུག་མ་རྫོགས་བར་བལྟས་མཐར། གོང་འཁོད་མཆན་འདེབས་པ་ཚོར་ཕན་ན་སྙམ་ནས་གསུང་བཤད་པ་གང་ཉིད་ཀྱི་སྐད་ཆ་དོན་ཚན་བཅུ་གཅིག་ལས།
དགུ་པ་དྲ་རྒྱའི་དུས་རབས་ཀྱི་དྲ་ལམ་དབང་ཁྲིད་ཀྱི་ཁེ་ཉེན་ཞེས་པ་དང་། བཅུ་པ་གསུང་ཆོས་གོ་སྒྲིག་གནང་མཁན་གྱི་འོས་འགན་ཞེས་པ་གཉིས་ཀྱིས་གཙོས་པའི་སྐད་ཆ་གནད་འགག་ཁག་བསྡུས་ཏེ་ཟིན་བྲིས་སུ་བཏབ་ཅིང་སྤེལ་བའོ།།
ཚེ་དབང་ནོར་བུ་དོལ་པོས་སྤྱི་ལོ་ ༢༠༢༠ ཟླ་བ་ ༠༥ ཚེས་ ༢༩ ལའོ།།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།