རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Showing posts with label ཟིན་ཐོ།. Show all posts
Showing posts with label ཟིན་ཐོ།. Show all posts

Saturday, 26 November 2022

སྐྱག་ལང་ཤོར་སྟངས་འདི་འདྲ་ཞིག་རེད་འདུག

ཐོད་རྒལ། (སློབ་དཔོན་བཤད་སྒྲུབ་ཉིན་བྱེད། རྣམ་གྲོལ་གླིང་།)


༡༽  ཕྱིན་ཕྱིན་པའི་རྗེས་སུ་འགྲོ་འདོད་ཀྱི་སྣང་བ་འཆར་ལུགས་འདི། བྱིས་དུས་སུ་བུ་རམ་བཟས་རྗེས་ཀྱི་ཚོར་བ་དང་རྒྱ་མ་གཅིག་མཚུངས་སུ་སྣང་།  དེས་ན་ལོ་འདིར་མ་སོང་བའི་ས་ཞིག་དང་། མ་འགྲིམ་པའི་རི་ཞིག་མེད་ཀྱང་། ད་དུང་འགྲོ་འདོད་ཀྱི་འདུན་པ་འདི། རྟ་རྒོད་ངར་ལངས་པ་ཞིག་དང་ཧེ་བག་གཏན་ནས་མི་འདུག 

Thursday, 8 September 2022

ས་བཀའ་རྙིང་གསུམ་ཡོངས་ཀྱིས་བཀའ་དྲིན་དྲན་དགོས་པའི་ཆོས་གྲྭ་ཞིག

སློབ་སྤྲུལ་འཆི་མེད་ཚེ་དབང་དོལ་པོ།

གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ནང་བསྟན་སློབ་གླིང་།

རྫོགས་ཆེན་ཤྲཱི་སིངྷ་དཔལ་གྱི་ཆོས་གྲྭ་ཆེན་པོ་འདི་ཉིད། ༸སྐྱབས་རྗེ་རྫོགས་ཆེན་སྐུ་ཕྲེང་བཞི་པའི་བཀའ་ལུང་ལྟར། དུས་ཕྱིས་སྔ་འགྱུར་བསྟན་པ་ལ་བཀའ་དྲིན་གཞལ་ཟླ་དང་བྲལ་བ་དགེ་མང་རྒྱལ་སྲས་གཞན་ཕན་མཐའ་ཡས་(༡༨༠༠-༡༨༥༥)ཀྱིས། ཕྱི་ལོ་ ༡༨༤༨ ལོར་ཕྱག་བཏབ་ཅིང་། རྗེ་ཉིད་མཁན་རབས་གཉིས་པའི་ཁྲིར་བཞུགས། དེ་ནས་བཟུང་སྔ་འགྱུར་བ་ཕལ་ཆེ་བ་བཤད་གྲྭ་འདིར་སློབ་གཉེར་གནང་དུ་ཕེབས་སྲོལ་བྱུང་སྟེ། སྟོད་དབུས་གཙང་ནས་ཀུན་གཟིགས་བོད་པ་སྤྲུལ་སྐུ་དང་། སྨད་ཨ་མདོ་ནས་དགུ་རོང་སྤྲུལ་སྐུ། སྨན་ལྗོངས་འབྲུག་ཡུལ་ནས་མཁན་པོ་བསྟན་པ་རིན་ཆེན་སོགས། ཆོས་སྡེ་འདིར་དཀའ་བ་ཁྱད་སད་ཀྱིས་ཤུལ་ལམ་རིང་མོ་བཅད་ནས་ཕེབས་པ་མང་།

Tuesday, 16 November 2021

༄༅། །རྒྱ་གར་ཤེས་རིག་ལོ་རྒྱུས་ཀྱི་སྤྱི་ཆིངས།

(མར་རྔོག་དབྱར་ཆོས་ཆེན་མོ་ལས་གསང་སྔགས་ཀྱི་བྱུང་བ་ཞེས་པའི་རེག་ཟིན།)

སྟོང་དཔོན་བསོད་ནམས་ཡར་འཕེལ་གྱིས་བརྩམས།
ཡོང་ཁུངས།: འོད་འཛིན་རྩོམ་རིག་འཕྲིན་སྟེགས།

འུ་ཅག་གི་ནང་བསྟན་ཤེས་རིག་གི་མ་ཡུལ་རྒྱ་གར་ཡིན་པས། རྒྱ་གར་ཤེས་རིག་གི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་རྣམས་ནི། ནང་བསྟན་ཤེས་རིག་གི་ལོ་རྒྱུས་དང་ཁ་འབྲལ་ཐབས་མེད་པར་ཆགས་ཡོད། དེར་བརྟེན་རྒྱ་གར་ཤེས་རིག་ལོ་རྒྱུས་ཀྱི་སྤྱི་སྡོམ་ཞིག་བློ་ལ་ངེས་པ་ཤིན་ཏུ་གལ་འགངས་ཆེ་བར་བསམ་སྟེ། ཐེངས་འདིར་རྒྱལ་དབང་ཀརྨ་པ་མཆོག་གིས་«གསང་སྔགས་ཀྱི་བྱུང་བ་»ཞེས་པའི་གསུང་ཆོས་ཀྱི་སྤྱི་ཆིངས་ལ། རྒྱ་གར་ཤེས་རིག་གི་ལོ་རྒྱུས་རྣམས་དུས་རབས་ཆེན་པོ་བཞི་ཡི་ཁུངས་སུ་བསྡུས་ནས་བཀའ་ཁྲིད་མཛད་ཡོད་པ་དེ། ཡིག་ཐོག་ཏུ་རེག་ཟིན་ཞིག་འགོད་ཐུབ་ན་རང་གཞན་གཉིས་ལ་སྨན་པར་དྲན།

Sunday, 7 November 2021

བོད་སྐད་བཤད་ཤེས་པའི་ཀོ་རི་ཡ།

དྲེད་པོ་ཧོར། 

ཁ་སང་མཆོད་རྟེན་བྱ་རུང་ཁ་ཤོར་ནས་ཡང་ལེ་ཤོད་ལ་ཡོང་བའི་ལམ་དུ། ཀོ་རི་ཡའི་ཨ་ཅག་ལོ་ན་ཅུང་རྒན་པ་ཞིག་དང་གླ་འཁོར་གཅིག་གི་ནང་དུ་ཁེལ། ངས་དང་པོ་མོ་གླ་འཁོར་དུ་འཛུལ་དུས་རྒྱ་མོ་ཞིག་རེད་བསམ་ནས། རྒྱ་སྐད་ཐོག་ནས་"ཁྱེད་རང་མདུན་ལ་བསྡད་ན་འགྲིག་གི་རེད་"ཅེས་ལབ་པ་ཡིན། ཡིན་ཡང་ཡ་མཚན་པ་ཞིག་ལ། མོས་ཐད་ཀར་བོད་སྐད་ཐོག་ནས། "བླ་མ་ལགས་མདུན་ལ་བཞུགས་རོགས་"ཟེར།

Tuesday, 3 August 2021

ཨ་རི་བ་བླ་མ་དཀར་པོ་བཀླགས་པའི་རགས་ཟིན།

ལྷོ་གོ་ཆ། སྔ་འགྱུར་མཐོ་སློབ་ཆེན་མོ།


༡༽ ཐིའུ་སི་ལ་བཀའ་དྲིན་ཆེ་ཞུ། 
     དེབ་འདི་མ་བཀླགས་གོང་དཀར་ཆག་ཞིབ་ཉུལ་ཞིག་གིས་ནང་དོན་རགས་རིམ་ཞིག་འཆར་སྲིད་ལ།  མཚར་སྣང་དེས་མཇུག་མ་གྲུབ་པའི་བར་དུ་ཀློག་པའི་སྤྲོ་སྣང་ཞིག་འདྲེན་ཡོང་།  དེ་ནི་དེབ་འདིའི་དཀར་ཆག་དང་བརྗོད་བྱ་གཅིག་འདྲེས་ཀྱིས། དཀྱུས་གཅིག་ཏུ་བབ་ཐུབ་པའི་ཁྱད་ཆོས་ཤིག་ཀྱང་ཡིན་པ་འདྲ། ལྷག་ཏུ་དུམ་ཚན་དང་པོའི་ཤོག་ངོས་ ༡༠ ནས་དེབ་འདིའི་བརྗོད་བྱ་ཉིང་བསྡུས་ཤིག་བྲིས་ཡོད་པ་དེ།  དེབ་འདིར་འགུགས་པའི་ལྕགས་ཀྱུ་ལྟ་བུར་སེམས་ལ། སྤྱིར་དེབ་འདི་ཨ་རི་བ་ཐིའུ་སིའི་ལོ་རྒྱུས་ལྟ་བུ་ཡིན་ནའང་།  མགོ་ནས་མཇུག་བར་ཧི་མཱ་ལའི་ཕར་ཚུར་གྱི་དུས་རབས་ཉི་ཤུ་བའི་སྟོད་ཀྱི་བོད་ཀྱི་མི་རིགས་ལ་འགྲུལ་བཞུད་ཅིག་ལས་མ་འདས་པ་ཚོར། ལྷག་ཏུ་དེའི་སྐབས་ཀྱི་དབྱིན་བོད་དང་བོད་རྒྱ་སོགས་ཀྱི་བར་གྱི་གནས་ཚུལ་གང་འཚམས་རེའང་། མེ་ལོང་ལ་གཟུགས་བརྙན་གྱིས་ཚུལ་དུ་བཀོད་འདུག

Saturday, 10 July 2021

དུས་རབས་ཀྱི་སྟོན་པ།

པདྨ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


དེང་སང་གོ་ལའི་ཁྱོན་ཡོངས་ལ་ཆེས་སྙན་པར་གྲགས་པའི་མཁས་དབང་ཆེན་པོ། ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གསུངས་པའི་«དྲི་བ་བརྒྱད་ཁྲི་བཞི་སྟོང་།»ཞེས་པའི་དེབ་གསར་འདི་ཉིད། ད་ལོའི་ལོ་མགོ་ལ་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་འགྲེམས་སྤེལ་གནང་ཡོད།  དེ་དུས་ཁོ་བོས་ཀྱང་ཚང་ཀ་ཤིག་ཤིག་གི་ཁྲོད་ནས་ཁུག་མའི་རུམ་དུ་སྒོར་མོ་མེད་མོད། གཞན་ལས་བསྐྱིས་ནས་ཉོས་པ་ཡིན།  དེ་ནས་ཆོས་ཁྲིད་ཀྱི་བར་སེང་དག་བཏུས་ནས་གང་ཐུབ་ཨེ་ཐུབ་བསྒྲོགས་པས་གཞི་ནས་བཀླགས་ཚར་སོང་།  དེ་རིང་ངས་འདི་རུ་དཔེ་དེབ་འདི་བཀླགས་པའི་མྱོང་ཚོར་ཐན་ཐུན་ཞིག་འབྲི་འདོད་བྱུང་།

Tuesday, 30 March 2021

«དྲི་བ་བརྒྱད་ཁྲི་བཞི་སྟོང་།»གི་བཀླགས་བྱང་།

ལྷོ་གོ་ཆ། སྔ་འགྱུར་མཐོ་སློབ་ཆེན་མོ།


༡. གླེང་སློང་བའི་གཏམ། 
   “ཉིན་ཞིག་གི་དགོང་མོར་ང་རང་ཧྥ་རན་སིའི་རྒྱལ་སའི་གླ་འཁོར་ཞིག་གི་ནང་དུ་སོང་བ་ཡིན།  ཁ་ལོ་བ་དེ་ནི་རང་ཤེད་རྩུབ་ལ་གུས་ཞབས་མེད་མཁན་ཞིག་རེད། ཁོས་རླངས་འཁོར་མགྱོགས་པོར་གཏོང་བཞིན་འཁོར་དགག་གང་བྱུང་དུ་མནན་ནས། མཐའ་མར་ང་རང་རྨས་སྐྱོན་བྱུང་སོང་། ང་ནི་ངར་ལངས་ཐག་ཆོད་ནས་བཟོད་སྲན་བྱེད་ཐབས་མི་འདུག  ཡིན་ནའང་དེ་མ་ཐག་ག་རེ་བྱེད་དགོས་ཀྱང་ཤེས་མ་སོང་། དེ་ནས་ང་རང་ཏག་ཏག་རླངས་འཁོར་རྒྱབ་ལོགས་ཀྱི་རྐུབས་སྟེགས་ཐོག་བསྡད་ཡོད་པས། རླངས་འཁོར་ནང་གཅིན་ཞིག་བཏང་བཞག་པ་ཡིན།” (༡)གསུང་དུམ་འདིར་དགོད་བྲོ་བ་དང་ཡ་མཚན་པོ་འདྲ་ཡོད་མོད།  འདི་ལྟར་བཤད་ཐུབ་མཁན་གྱི་སྤྲུལ་སྐུ་ནི།  རྫོང་སར་ཚང་ལྟ་བུ་གཅིག་གཉིས་རེ་ཡིན་རྒྱུ་རེད་ལ། གསུང་དུམ་འདི་ནི་ཁོང་རང་གི་མངོན་ལྐོག་མེད་པའི་ཉམས་ལེན་དང་བདེན་དྲང་གི་རྒྱབ་ལྗོངས་ལྟ་བུར་འདོད་པས།  ང་རང་ཁོང་ལ་དགའ་བ་ནས་ཡིད་ཆེས་ཅན་དུ་གྱུར་དོན་ཡང་དེ་ལྟ་བུ་ཞིག་ཡིན་སྲིད། 

«དྲི་བ་བརྒྱད་ཁྲི་བཞི་སྟོང་»གི་བཀླགས་བྱང་རགས་རིམ།

ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


རྫོང་སར་མཁྱེན་བརྩེའི་རིན་པོ་ཆེའི་གསུང་རྩོམ་«དྲི་བ་བརྒྱད་ཁྲི་བཞི་སྟོང་»རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ན་འབྱོར་འདུག དེ་རིང་དངུལ་ཏོག་ཙམ་ཡོད་པ་དང་དཔེ་དེབ་གསར་པ་མཐོང་བ་གཉིས་དུས་གཅིག་ཏུ་འགྲིག་ནས་སྟབས་ཀ་ལེགས་སོང་བས། ཚམ་ཚོམ་ཅི་ཡང་མེད་པར་དཔེ་དེབ་དྲི་བ་བརྒྱད་ཁྲི་བཞི་སྟོང་འདི་ཉོས་བཞག་པ་ཡིན།

Tuesday, 16 March 2021

བསྟན་འཛིན་ཆོས་འཕེལ་ལགས་ཀྱི་དེབ་གསར་ཁག་གསུམ་བཀླགས་པའི་དྲན་ཚུལ་ཟུར་ཙམ།

ཚེ་དབང་ནོར་བུ་དོལ་པོ། སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ།


དང་པོ།
       ཟླ་གཅིག་ཙམ་སྔོན་བོད་རྒྱལ་ལོ་ ༢༡༤༨ ལྕགས་མོ་གླང་ལོའི་ལོ་གསར་ཚེས་ཉིན། ཕ་ཡུལ་གཅིག་པའི་སློབ་དཔོན་བསྟན་འཛིན་ཆོས་འཕེལ་ལགས་ནས་ངོ་དེབ་སྟེང་དུ་བྲིས་དོན། ཁོང་ཉིད་བསླབ་པ་མཐར་སོན་པའི་དུས་ཚོད་དང་བསྟུན་ནས། ལོ་མང་འབད་པས་བསྐྲུན་པའི་དཔྱད་རྩོམ་དང་སྒྲུང་རྩོམ། དེ་བཞིན་སྙན་ངག་བཅས་ཁག་སོ་སོར་ཕྱོགས་བསྒྲིགས་བྱས་པའི་རྩོམ་དེབ་གསུམ་འཐོན་འཆར་ཡོད་སྐོར་བྲིས་འདུག  ཡི་གེ་དེ་མཐོང་མ་ཐག་ཁོ་བོ་དགའ་ཚོར་གྱིས་མྱོས་ཤིང་བཀླག་རྒྱུར་རེ་སྒུག་དྲག་པོ་བཅངས་མཐར། ཁ་ཉིན་སྤྱི་ཚེས་ ༡༤ འི་ཉིན་དངོས་སུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མདུན་དུ་ཐོན་པ་མ་ཟད། རྩོམ་པ་པོ་ནས་ཁོ་བོ་ལའང་དཔེ་དེབ་གསུམ་པོ་རིན་མེད་དུ་གནང་བྱུང་བར་འོར་ཆེ་བཀའ་དྲིན་བསྐྱངས་སོང་ཞུ་བ་དང་། ཁྱེད་ལ་བཀྲ་ཤིས་བདེ་ལེགས་དང་བསྔགས་བརྗོད་ཞུ། མཐར་ཁྱེད་ཀྱི་ཞེ་འདོད་ཀྱི་ཁ་ཕྱོགས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག་ཅེས་སྨོན་འདུན་ཞུ།

Sunday, 10 January 2021

མ་མཇལ་ཐབས་མེད་ཀྱི་རྣམ་ཐར་ཞིག

རྫོང་སར་མཁྱེན་བརྩེའི་རང་རྣམ་«མཁན་པ་སྐྱེས་»བཀླགས་པའི་ཟིན་ཐོ།

རྩོམ་པ་པོ། ཨ་འདུས་པ། (སྐལ་བཟང་རྒྱ་མཚོ།)

ད་ལོ་ཏོག་ནད་ཀྱིས་རྐྱེན་པས་བདག་ལྟ་བུའི་རྒྱལ་ཁམས་པ་དག་ཀྱང་གློ་རྡེག་ཏུ་ཁག་ཆུང་གྲུ་བཞིའི་ནང་བཟང་བཙོན་ལྟ་བུར་སྡོད་དགོས་བྱུང་བ་ན། ནམ་རྒྱུན་འཛད་མཐའ་མེད་པའི་གཉིད་ཀྱང་རིམ་གྱིས་རྫོགས་ཤིང་། ལོ་ཤས་རྣམ་གཡེང་གིས་བརྗེད་ལ་ཉེ་བའི་དཔེ་ཀློག་གི་ལེའུ་དེ་ཡང་བསྐྱར་དུ་འགོ་མི་འཛུགས་ཀ་མེད་གྱུར། དེ་ནི་བརྩོན་འགྲུས་ཀྱིས་བསྐུལ་བས་མ་ཡིན་པར། དཀའ་སྡུག་གི་ལོ་ཟླ་འདིའི་གོམས་སྟབས་ཇེ་མགྱོགས་སུ་གཏོང་སླད་དམིགས་པ་ཞིག་རེད།  

Monday, 14 December 2020

བདག་ཉིད་གློ་བོར་ཆས་པའི་ཁ་སྐོང་ཞིག

 རྩོམ་པ་པོ། ཉི་གཞོན་སྐྱ་མདའ།

གློ་བོ་ནི། ཕྱི་སྣོད་ཀྱི་བཀོད་པ་མཛེས་ཤིང་། ནང་བཅུད་ཀྱི་ལྷག་བསམ་དག་པའི་ཆོས་ལྡན་གྱི་ཞིང་ཞིག་རེད་འདུག མ་ཟད་ལོ་རྒྱུས་སྟེང་གི་བོད་བཙན་པོའི་རྒྱལ་བརྒྱུད་ཡིན་པའི་མངའ་རིས་གུ་གེ་རྒྱལ་པོའི་གདུང་རབས་རིམ་བྱོན་འཁྲུངས་པའི་ཞིང་དང་། རྒྱལ་བརྒྱུད་ཆོས་བཞིན་བསྐྱངས་པའི་གནས་ཤིག་ཏུ་མཐོང་། 

Tuesday, 6 October 2020

ལས་དབང་ཞིག་གིས་རྒྱ་བལ་བསྐོར་བའི་ཟིན་ཐོ།

རྩོམ་པ་པོ། སློབ་དཔོན་འཆི་མེད་ནོར་བུ་དོལ་པོ།

 
ང་ཚོ་དོལ་པོ་ནི་མི་འབོར་གྱི་གྲང་འབོར་ཁྲི་གཅིག་ཟིན་མ་ཟིན་ཞིག་ཡིན་ལ།  སྐད་དང་རིག་གཞུང་ནི་བོད་ཀྱི་མེས་པོ་དར་མ་ཞིག་གི་ཁྱིམ་ཚང་ཡིན་ཞུས་ན་ཡང་ཧམ་པ་ཆེས་སྐྱོན་མེད།  ཆོས་ལུགས་ལ་བསམ་ན་གནའ་ཆོས་བོན་གྱི་རིང་ལུགས། བར་དར་སྔ་འགྱུར་གྱི་རིང་ལུགས། ཕྱི་དར་གསར་མའི་རིང་ལུགས་རྣམས། དབྱར་ལང་ཚོའི་མཛེས་མཆོར་བཞིན་དུ་དར་ན་དར་མཉམ་རྒུད་ན་རྒུད་མཉམ་གྱི་ཚུལ་དུ། བོད་ཁམས་ཧྲིལ་པོའི་འགྱུར་འགྲོས་ལྟར་དུས་དབང་གི་བབས་དང་བསྟུན་ནས་ཆགས་པ་ཞིག་ཡིན། 

Wednesday, 8 July 2020

«འབྲུག་སྒྲ་»བཀླགས་པའི་ཟིན་ཐོ།

རྩོམ་པ་པོ། འདྲེ་ཡེ་ལྡན།

ཉེ་ཆར་«འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ།»ཞེས་པའི་དེབ་གཅིག འགོ་ནས་མཇུག་བར་ཆ་ཚང་བཀླགས་པ་ཡིན།   དེ་ནི་དྲུང་པ་སྐུ་ཕྲེང་བཅུ་གཅིག་པའི་གསང་ཡུམ་གཙོ་བོར་གྱུར་པ་དབྱིན་ཇིའི་བུ་མོ་“ཌ་ཡ་ན་ཇེ་སྨུག་པོས་”བརྩམས་པ་ཞིག་རེད་འདུག  ང་རང་སྔར་ནས་རགས་ཙམ་གོ་ཐོས་བྱུང་མྱོང་བའི་ནང་པའི་བླ་མ་གལ་གནད་ཆེ་ཤོས་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་ (1940–1987) མཛད་རྣམ་ཁ་ཅིག་མཇལ་བས། འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་ལྟ་བུའི་ཚོར་སྣང་བྱུང་སོང་།  ང་ཚོ་དྲུང་པ་རིན་པོ་ཆེ་ལྟར་གནས་སྐབས་ཀྱི་ཡིན་མིན་དང་བདེན་རྫུན་གྱི་འཆིང་ཐག་ལས་གྲོལ་ཏེ། རང་ཉིད་ཇི་ལྟ་བུ་ཞིག་ཡིན་ན་དེ་ལྟར་ཡིན་ཆོག་པའི་ཕྱི་གསལ་ནང་གསལ་ཞིག་ཡོང་བར་ཅི་འདྲའི་དཀའ་ཚེགས་ཆེ་བ་ཞིག་རེད་ཨང་སྙམ།

Thursday, 28 May 2020

དྲ་ཐོག་ནས་དབང་བསྐུར་ན་ཐོབ་མི་ཐོབ་ཀྱི་རྩོད་གླེང་བྱ་རྒྱུ་མིན་པར་དྲ་ཐོག་དབང་བསྐུར་ལམ་ལུགས་དེས་མ་འོངས་པའི་ཁེ་ཉེན་ལ་ཞིབ་མདངས་རྒྱབ་དགོས།

གསུང་བ་པོ། རྫ་ཚེ་རིང་བཀྲ་ཤིས།

ངས་འདི་ནས་དྲ་ཐོག་ནས་དབང་བསྐུར་ན་ཐོབ་མི་ཐོབ་སྐོར་གླེང་བར་མི་སྤྲོ། ཅིའི་ཕྱིར་ན་ཐོབ་མཁན་ཡང་ཡོད་སྲིད་ལ་མི་ཐོབ་མཁན་ཡང་ཡོད་སྲིད། དབང་ཐོབ་མ་ཐོབ་དེ་དད་པ་ཡོད་མེད་ཙམ་གྱིས་མི་འགྲིག་པར་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ཡང་ཡང་ནན་ཏན་བྱས་ནས་གསུངས་སོང་། རྒྱལ་བ་རིན་པོ་ཆེ་ནས་ཀྱང་དུས་རྒྱུན་དུ་དབང་ཐོབ་པ་ལ་དད་པ་ཙམ་གྱིས་མི་འགྲིག་པར་གཡོ་བ་མེད་པའི་དད་པ་དགོས་ཞེས་གསུང་གིན་ཡོད་པ་རེད། དེ་ཧ་ཅང་གིས་གནད་འགག་ཆེན་པོ་རེད།

Friday, 15 May 2020

དེ་རིང་གི་དཔེ་ཀློག་བརྗེད་བྱང་དགག་པའི་ཚ་རླབས།

 རྩོམ་པ་པོ། ཚེ་དབང་ནོར་བུ། (རྣམ་གྲོལ་གླིང་མཐོ་སློབ།)

དེ་རིང་མངོན་རྟོགས་རྒྱན་གྱི་དཔེ་ཁྲིད་དངོས་གཞི་དབུ་བཙུགས་རྗེས། ཤེར་ཕྱིན་གྱི་ཞོར་འཕྲོས་ཤིང་རྟའི་སྲོལ་འབྱེད་ལས་རིགས་ཚོགས་སུ་འཕྲོས་ནས་དེའི་སྐོར་གྱི་འགགས་གནད་འགའ་ཞིག་གླེང་ན།  སྤྱིར་རང་ལུགས་ལ་རིགས་ཚོགས་ཀྱི་གྲངས་ངེས་འདི་དང་འདི་ཞེས་དངོས་སུ་གསུངས་པ་མེད་མོད། འོན་ཀྱང་མི་ཕམ་པས་ས་སྐྱའི་དྲིས་ལན་དུ་ལྔ་འདོད་པ་དོན་ལ་གནས་ཤིང་གསུངས་པ་དེ་དཔྱད་གཞི་ཡིན། 

Saturday, 2 May 2020

གློག་བརྙན་«ཧི་མ་ལ་ཡ།»བལྟས་པའི་མྱོང་ཚོར་གླེང་བ།

རྩོམ་པ་པོ། ཁྲི་སྨྱུག་དགའ།


སྔོན་གླེང་།
གློག་བརྙན་ཡག་པོ་ཞིག་བལྟ་བ་ནི་དཔེ་དེབ་ཡག་པོ་ཞིག་ཀློག་པ་དང་མཚུངས་ལ། སྐབས་རེར་དཔེ་དེབ་ལས་ཀྱང་གློག་བརྙན་གྱིས་མིའི་རིགས་ལ་ཤེས་རབ་སྟེར་བ་དང་བསམ་གཞིག་གི་སྟོང་ཆ་བསྐྲུན་ཆེ་ཞིང་། གློག་བརྙན་གྱིས་གཟུགས་དབྱིབས་དང་ཚོན་མདོག མི་སྣའི་ཁ་བརྡ་དང་རོལ་དབྱངས། གློག་འོད། འཁྲབ་ཆས། མཛེས་སྤྲས། རྒྱབ་ལྗོངས་རི་མོ། འཁྲབ་སྟོན་པའི་ཉམས་རྩལ་སོགས་ཐབས་ཕུན་སུམ་ཚོགས་པ་སྤྱད་དེ་མི་རྣམས་ལ་ཤེས་བྱ་སྣ་ཚོགས་སྤྲད་བཞིན་ཡོད། དེ་བཞིན་ལེགས་ཉེས་དང་སྐྱོན་ཡོན་སོགས་ལ་དབྱེ་ཞིབ་བྱ་སྟེ། གཞོན་རབས་རྣམས་ལ་ལམ་སྟོན་བྱེད་བཞིན་ཡོད་པར་མ་ཟད། གློག་བརྙན་ལ་ཆེས་ཕུལ་དུ་བྱུང་བའི་རྩལ་ཤུགས་ཤིག་ཡོད་པ་ནི་མི་སེམས་ཐད་ཀར་འགུལ་དུ་འཇུག་ཐུབ་ཅིང་མི་སེམས་ཀྱི་ཟབ་སར་རྙབ་ཐུབ་པ་དེ་རེད།

Monday, 20 April 2020

ཏོག་དབྱིབས་ནད་ཡམས་ཀྱི་དོན་རྐྱེན་འོག་བལ་ཡུལ་ལས་རྒྱ་གར་གྱི་གནས་སྟངས་སྐྱོ།


རྩོམ་པ་པོ། པདྨ་དགོས་འབྱོར།

ཏོག་དབྱིབས་ནད་ཡམས་ཀྱི་དོན་རྐྱེན་འོག་དེང་སྐབས་ས་ཁུལ་གང་སར་དཀའ་ངལ་ཆེན་པོ་འཕྲད་མུས་རེད། དམིགས་བསལ་རྒྱ་གར་ནང་དཀའ་ངལ་ཆེན་པོ་འཕྲད་མུས་རེད་འདུག དེ་ནི་མུ་གེ་རེད། མི་མང་པོས་བལ་གཞུང་སྐྱོ་རབས།  དམིགས་བསལ་ད་ལམ་གནས་སྟངས་འདིའི་འོག་བལ་གཞུང་ངོ་ཚས་མྱོས་རྒྱུ་དང་། མང་ཚོགས་ལ་ཟ་ཅའི་དཀའ་ངལ་ཆེན་པོ་འཕྲད་ངེས་ཀྱི་སྡོམ་ཚིག་སྔ་མོ་ནས་བཀོད་མོད། འོན་ཀྱང་། ད་ལམ་བལ་གཞུང་དེ་ལྟར་མིན་པར་གང་ཐད་ནས་རང་མགོ་ཐོན་པ་གནང་ཡོད། འདི་ནས་མང་ཚོགས་ལ་ཟ་ཅའི་དཀའ་ངལ་ཕྲན་བུ་ལས་མེད། ངས་ང་རང་གི་རྒྱལ་ཁབ་ལ་ཆེ་མཐོང་དང་གུས་བརྩི་ཞུ་རྒྱུ་ཡིན།

རྒྱ་གར་ལ་མཚོན་ན་ཉིན་རེའི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་བརྒྱ་ཆ་སུམ་ཅུ་ཙམ་ཡོད་སྐད། ད་དུང་སྡོད་སའི་གནས་ར་མེད་པའི་གྲངས་ཀྱང་ཧ་ཅང་མང་པོ་རེད། ཆབ་སྲིད་ནི་ཆབ་སྲིད་རང་རེད། ཆོས་སྐྱོང་རང་མགོ་མི་ཐོན་ལ། མགོ་ནག་མིའི་སྲོག་སྐྱོབ་བྱེད་ཁུལ་སྟེ། སོ་སོའི་མང་ཚོགས་ལྟོགས་ཤི་ཐེབས་ལ་ཁད་པ་ཚོ་སྣང་མེད་དུ་བཞག་ཏེ་རྒྱལ་ཁབ་གཞན་ལ་རོགས་སྐྱོར་གྱི་སྐད་ཆ་ཤོད་ཀྱི་ཡོད། 

རང་རྒྱལ་གྱི་ངོས་སྦྱོར་ལག་འཁྱེར་དུ་མིང་མཐར་དོལ་པོ་ཞེས་ཅི་ཕྱིར་མ་སྤྱད་པ་ཡིན་ནམ།


རྩོམ་པ་པོ། པདྨ་རང་གྲོལ།

ང་ཚོའི་སྤྱི་ཚོགས་སུ་ཡང་ཡང་གླེང་བའི་གཏམ་ཞིག་ལ་ངའི་དགོད་བྲོའི་ཆོབ་སྨོས་ན། དེ་ནི་རང་རྒྱལ་གྱི་ངོས་སྦྱོར་ནང་དུ་མིང་མཐར་དོལ་པོ་ཟེར་རྒྱུ་མེད་པར་ཅི་ཕྱིར་བླ་མ་དང་འགུ་རུང་ཟེར་རྒྱུ་བྲིས་པ་ཡིན་ནམ་བྱུང་པ་ཡིན་ཟེར་ནས་སྐད་འཕྲིན་ཚོགས་པའི་ནང་དང་། དུས་རྒྱུན་མི་རྣམས་སྐར་སྐར་དང་སྐོར་སྐོར་བྱས་ནས་གཏམ་གླེང་ནན་པོ་བྱེད་པ་མཐོང་། དེ་ལ་ངས་ཆོབ་གཅིག་སྨྲས་ན།

སྔོན་རྒྱལ་པོ་འབི་རན་དྷ་རས་སྤྱང་དྲུང་ལྡན་པའི་གཞུང་ཞབས་གཉིས་འདེམས་བསྐོད་མཛད་ནས་མཐའ་འཚམས་ས་ཁུལ་དུ་ཡོད་པའི་མི་རྣམས་ལ་ངོས་སྦྱོར་བཟོ་རུ་འགྲོ་དགོས་པར་བཀའ་གནང་། ཁོང་གཉིས་ལ་རང་གི་ཡབ་རྒྱལ་པོར་དབྱིན་འཇི་རྒྱལ་པོས་ཕྱག་རྟགས་སུ་ཕུལ་བའི་པར་ཆས་སྤུས་ལེགས་པར་ད་ལྟ་རྒྱབ་ནས་སྐར་ཆ་ཁ་ཤས་རྗེས་ལ་ལྟ་རྒྱུ་ཡོད་པ་གཅིག་ཡོད་པ་དེ་དང་། ངོས་སྦྱོར་འབྲི་ས་དེང་དུས་ཀྱི་ཞལ་འདེབས་དཔྱད་སྡེབ་འདྲ་བ་ཁག་གཅིག་བསྐུར། དེ་ནས་ཁོང་གཉིས་རི་ལུང་བགྲོད་ནས་དོལ་པོར་བསླེབས།  སྐབས་དེ་དུས་དོལ་པོར་བལ་སྐད་ཤེས་མཁན་དཀོན་པོ་ཡིན། འགའ་རེས་ཤེས་ཀྱང་སྐད་ཆག་གྲུམ་ཤོར་བ་དང་སྒྲ་མ་དག་པ་མགོ་མཇུག་ནོར་བ་མ་གཏོགས་མི་ཤེས། དེ་དག་གི་རྒྱུད་ནས་རང་གི་མིང་འདི་ཡིན་ཟེར་ཤེས་པ་ཙམ་བྱུང་།

Saturday, 11 April 2020

དམར་གཙང་བྲག་ནས་དམར་གཡོ་གཙང་གསུམ་མཇལ་བ།



སེར་ཚང་པ།  ནང་ཆེན།
ཉིན་འགའ་ཡི་སྔོན་དུ་དགེ་རྒན་རིན་པོ་ཆེ་ནང་ཆེན་བསོད་ནམས་མཆོག་དང་གྲོགས་པོ་འཇམ་དབྱངས་ཕུན་ཚོགས་གཉིས་ཀྱི་ལྷན་དུ་དམར་གཙང་དགོན་པར་མཇལ་སྐོར་དུ་འགྲོ་གྲབས་བྱས་ཏེ་ཟི་ལིང་མེ་འཁོར་འབབ་ཚིགས་སུ་སོང་བ་ཡིན།   ཉིན་དེར་མཁན་པོ་ཚུལ་ཁྲིམས་རྣམ་རྒྱལ་ཡང་ངེད་ཚོའི་མཉམ་དུ་འགྲོ་རྒྱུར་བྱུང་བས་མགྲོན་འཁོར་སྟབས་བདེ་ཞིག་ཏུ་བསྡད་དེ་དམར་གཙང་དགོན་པའི་ཕྱོགས་སུ་སོང་།  སྤྱིར་ལྗོངས་རྒྱུར་འགྲོ་བ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་པར་མ་ཟད། ལྗོངས་རྒྱུར་འགྲོ་བ་ནི་རིག་གནས་འཚོལ་ཞིབ་ཏུ་འགྲོ་བ་རེད།  ང་ལ་མཚོན་ན་གནའ་ཤུལ་མང་པོ་ཞིག་མཇལ་བ་ནི་ངག་སྨྲ་མི་ཤེས་པའི་གླེགས་བམ་འཐུག་པོ་ཞིག་ཁ་ཕྱེས་པ་དང་གཉིས་སུ་མེད།  ད་ཐེངས་ཟི་ལིང་དུ་ཅུང་འདུག་ཡུན་རིང་བ་དང་།  བདག་སྔ་མོ་ནས་དམར་གཙང་དགོན་དུ་འགྲོ་འདོད་ཆེ་བར་མ་ཟད།   དམར་གཡོ་གཙང་གསུམ་གྱི་མཛད་རྗེས་ཕྱོགས་རེ་བ་ཞིག་མཐོང་ཐོས་མྱོང་བས་ལུས་ངག་ཡིད་གསུམ་གྱིས་དམར་གཙང་དགོན་པ་མཇལ་འདུན་སྐྱེས།  ཉིས་སྟོང་བཅུ་དགུའི་ཟླ་བ་བཅུ་པའི་སྟོད་ཀྱི་རྒྱལ་སྟོན་དུས་ཆེན་སྐབས་སློབ་གྲོགས་ཞིག་དང་མཉམ་དུ་དམར་གཙང་དགོན་དུ་འགྲོ་རྒྱུ་ཐག་བཅད་ཀྱང་།  གནས་ཚུལ་དམིགས་བསལ་བ་ཞིག་གིས་ཕྱིར་འགྱང་མི་བྱེད་ཀ་མེད་བྱུང་།   སྐབས་དེར་སློབ་གྲོགས་མང་པོ་ཞིག་གིས་དམར་གཙང་དགོན་ཟེར་བ་ཞིག་གོ་མ་མྱོང་ལ།  དམར་གཙང་དགོན་པ་ནི་ཅི་ཞིག་ཡིན་པའང་ཤེས་ཀྱི་མི་འདུག  །འོན་ཀྱང་ཁོ་ཚོས་བཤད་རྒྱུར་ཟི་ལིང་དུ་འཕྱིན་རན་སྐབས་ཁ་ཆེའི་དགོན་པ་མང་པོ་ཞིག་མཐོང་ཡོང་ལ་དེ་དག་སྔོན་མ་ནང་པའི་དགོན་པ་རེད་ཅེས་བཤད་ཀྱི་འདུག  །