སྒྱུར་བ་པོ། དོལ་ཚེ་དགའ།
ཚན་པ་གཉིས་པ།
རང་སྟོན་གྱི་འདུ་ཤེས་ཇི་ལྟར་ཡར་རྒྱས་གཏོང་དགོས་ཚུལ།
རང་སྟོན་གྱི་ཐབས་ཚུལ་ལམ་འདུ་ཤེས་(Belief System)ཀྱི་སྐོར། དེ་སྔ་ངས་གཏམ་བཤད་བྱས་པའི་བརྙན་ཐུང་ཞིག་ཁྱབ་སྤེལ་ཤུགས་ཆེར་ཕྱིན་འདུག ད་རེས་སླར་ཡང་འདིར་དེའི་སྐོར་སྐད་ཆ་གསར་པ་འགའ་བཤད་པར་འདོད། གཏམ་བཤད་འདིའི་བརྒྱུད་ལམ་ནས་ངས་ཁྱེད་རང་གི་མི་ཚེའི་མགོ་མཇུག་ཡོངས་ནས་འགྱུར་བ་ཐེབས་ཐུབ་པ་ཞིག་བཟོ་རྒྱུ་ཡིན།
༡༽ རང་རྟོན་ངོས་བཟུང་བ།
ཐོག་མར་རང་རྟོན་(Belief)ཟེར་བ་དེ་ངོ་ཤེས་པ་བྱེད་དགོས། རང་རྟོན་ལ་ཚང་དགོས་པའི་ཚོར་སྣང་གི་དངོས་པོ་བཞི་ཡོད་དེ། ངེས་གཏན་གྱི་ཚོར་སྣང་(feelings of certainty)དང་། གདེང་ཚོད་ཀྱི་ཚོར་སྣང་།(feelings of confidence) འགྱུར་མེད་ཀྱི་ཚོར་སྣང་།(feelings of permanence) མཁྲེགས་བཟུང་གི་ཚོར་སྣང་(feelings of rigitidy)བཅས། འདི་དག་བཞི་དང་ལྡན་པ་ལ་གཟོད་རང་རྟོན་ཟེར་བ་ཡིན།
ཕྱིར་མི་ལྡོག་པའི་ཡིད་ཆེས་སམ་ཁྱད་འཕགས་རང་རྟོན་འདི་ཇི་ལྟར་འབྱུང་གི་ཡོད་དམ་ཞེ་ན། ཁྱེད་རང་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་དག་ལས་བྱུང་འོང་བ་ཡིན། གལ་ཏེ་ཁྱེད་རང་ལ་ཆག་སྒོ་འདྲ་བྱུང་ན། དེ་ལས་ཀྱང་འཆར་སྣང་ཅི་རིགས་འབྱུང་བ་ཡིན་ལ། ཁྱེད་རང་གི་མི་ཚེའི་ནང་ཉམས་མྱོང་གང་ཞིག་བསགས་པ་དེ་ལས་ཀྱང་འཆར་སྣང་སྣ་ཚོགས་འཆར་འོང་བ་ཡིན། བསམ་བློའི་འཆར་སྣང་(Interpretation)ཞེས་པ་འདི་ནི། ཁྱེད་རང་གི་ཉམས་མྱོང་གསོག་བྱེད་ཀྱི་གཞི་ཡུལ་ལྗོངས་སམ་དོན་རྐྱེན་སོགས་དམིགས་ཡུལ་(Reference)རྣམས་ཏེ། དེ་དག་ལ་དམིགས་པས་འཇུག་ཅིང་ཉམས་སུ་བླངས་པའི་སྒོ་ནས་གཟོད་ལྟ་ཚུལ་སྣ་ཚོགས་འཆར་འོང་ཞིང་། ལྟ་ཚུལ་དེ་དག་ཀྱང་རིམ་བཞིན་འཕེལ་རྒྱས་སུ་སོང་བས། ཉམས་མྱོང་(experience)ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པ་མ་ཟད། དེ་དང་དེ་ལྟ་བུའི་ཉམས་མྱོང་རྣམས་ཀྱིས་རང་རྟོན་བླ་ལྷག་ཏུ་འདེགས་པའི་ཀ་ཆེན་གྱི་དོད་བྱེད་པ་ཡིན། དཔེར་ན་སྒྲོག་ཙེ་ལ་རྐང་པ་དགོས་པ་ནང་བཞིན་དང་། ཁང་པའི་གདུང་མ་འདེགས་པར་ཀ་བ་དགོས་པ་བཞིན། རང་རྟོན་གྱི་འདུ་ཤེས་འདི་སྐྱེ་བར་ངེས་པར་དུ་རྒྱུ་ཉམས་མྱོང་དང་། རྐྱེན་ཉམས་མྱོང་གསོག་བྱེད་ཀྱི་གཞི་རྟེན་དམིགས་ཡུལ། འབྲས་བུ་དེ་ལས་བྱུང་བའི་ཐུན་མིན་གྱི་ལྟ་ཚུལ་ལམ་འཆར་སྣང་རྣམས། མེད་ན་མི་འབྱུང་གི་མཐུན་རྐྱེན་དུ་ཚང་དགོས་པ་ཡིན། རང་རྟོན་འདུ་ཤེས་ཀྱི་ངོ་བོ་ནི་གོང་ཞུས་ལྟར་ཚོར་སྣང་བཞིའི་བདག་ཉིད་ཡིན་པ་དང་། ཚོར་སྣང་དེ་དག་ཡོད་པའི་ཐོག་འགལ་རྐྱེན་ཇི་ཙམ་འཕྲད་ཀྱང་ངོམ་པ་མེད་ཅིང་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས། རྒྱུ་རྐྱེན་འབྲས་གསུམ་གྱི་ཉམས་མྱོང་གི་ཀ་བ་བརྩིག་རིམ་བཞིན་དུ་མཐར་རང་རྟོན་གྱི་ཁང་ཀླད་འབྱུང་བ་ཡིན།
༢༽ ཡང་དག་པའི་རང་རྟོན་གྱི་འདུ་ཤེས་བསྐྱེད་ཐབས།
དེ་ལྟར་རྒྱུ་རྐྱེན་འབྲས་གསུམ་གྱི་ཉམས་མྱོང་གསོག་པའི་བརྒྱུད་རིམ་གྱི་ཐབས་ཤེས་ལྔ་ཡོད་དེ། ཐོག་མར་ཉམས་མྱོང་གསོག་བྱེད་ཀྱི་གཞི་ཤེས་བྱ་རྣམས་ལ་བརྟེན་ནས་ཉམས་མྱོང་གསོག་རིམ་བཞིན་དུ། དེ་ལ་འགྱུར་མེད་ཀྱི་ཚོར་སྣང་གིས་རྩིས་ཟིན་སྟོབས་ཀྱིས། སྔར་གྱི་གནས་སྟངས་དེ་ཉིད་འཕོ་འགྱུར་ཐེབས་ཏེ། རིགས་པ་དང་ལྡན་པའི་གོ་རྟོགས་གསར་པ་(Logical Understanding)ཞིག་སྐྱེས་འོང་ཞིང་།
གཉིས་པ། གོ་རྟོགས་དེ་ཡོད་པའི་སྟེང་དུ་དེའི་གནས་སྟངས་འཕོ་འགྱུར་ཐེབས་ཏེ། ཉམས་མྱོང་དང་སེམས་འགུལ་སྣ་ཚོགས་ལྡན་པའི་ཚོར་སྣང་(Feeling)སྐྱེས་འོང་།
གསུམ་པ། ཚོར་སྣང་དེ་རིམ་བཞིན་བསམ་ཚུལ་གྱི་ངོ་བོར་གནས་འགྱུར་ཞིང་། དེ་ལ་བརྟེན་ནས་ཁྱིམ་ཚང་ནང་ཕན་ཚུན་དང་ལས་རོགས་ནང་ཕན་ཚུན་སོགས་ལ་བསམ་ཚུལ་སྤེལ་རེས་དང་མྱོང་རེས་ཡོང་བ་དང་། དེ་བཞིན་ཞབས་ཞུ་བ་དང་། བཟོ་ལས་པ་དང་། ཚོང་ལས་པ། སྒྲིག་འཛུགས་པ་སོགས་དང་ལག་གདང་མཉམ་དུ་སྦྲེལ་བའི་ཚེ། བསམ་ཚུལ་(Opinion)གསར་པ་སྣ་ཚོགས་པ་སྐྱེས་འོང་བ་ཡིན།
བཞི་པ། བསམ་ཚུལ་དེ་དག་ལ་མྱོང་བ་འཐོན་རིམ་བཞིན་ཕྱིར་མི་ལྡོག་པའི་ཡིད་ཆེས་ཀྱི་ངོ་བོར་གནས་འཕར་བ་སྟེ། དེ་ཡང་ཇི་སྲིད་ཁྱེད་རང་ལ་ཉམས་མྱོང་ཇེ་ཟབ་ནས་གཏིང་ཟབ་ཏུ་ཤུགས་ཆེར་འཕེལ་བ། དེ་སྲིད་དུ་ཁྱེད་རང་ལ་རང་ཉིད་ལས་དོན་གང་ལ་ཉམས་མྱོང་གཏིང་ཟབ་ཡོད་པ། དེའི་ཐོག་ཕྱིར་མི་ལྡོག་པའི་ཡིད་ཆེས་(Conviction)ཐོབ་འགྲོ་བ་ཡིན།
ལྔ་པ། ཡིད་ཆེས་དེ་ལ་བརྟེན་ནས་དེའི་གནས་སྐབས་ཀྱང་འཕོ་འགྱུར་གྱིས། ཆེས་མཐའ་མའི་འགྱུར་མེད་སྟོབས་ལྡན་གྱི་ཡིད་ཆེས་(Massive Belief)དྲག་པོ་ཞིག་སྐྱེ་འོང་ཞིང་། འདི་ནི་ཁྱེད་རང་གི་ཉམས་མྱོང་དག་ལ་ཕྱི་རོལ་ཏུ་མངོན་འགྱུར་གྱིས་བཙོ་སྦྱངས་བྱས་པའི་མཐའ་མའི་འབྲས་བུ་དེ་ཡིན། མ་ཟད་འདི་ནི་འགྱུར་མེད་རྟག་པ་ཐེར་ཟུག་གི་ཆེས་མཐའ་མའི་མྱོང་ཚོར་དེ་ཡིན་པས། འདི་ལ་འགྱུར་མེད་ཀྱི་ཚོར་སྣང་ཟེར་།
༣༽ སྤྱིར་རང་རྟོན་འདུ་ཤེས་ཀྱི་རྗེས་འབྲས།
འདི་ལྟ་བུའི་ཁྱེད་རང་མི་སྒེར་ཞིག་གི་ཚོར་སྣང་རྣམས་ནམ་ཞིག་གི་ཚེ། འཇིག་རྟེན་པ་ཀུན་གྱིས་མཉམ་སྤྱོད་བྱེད་པའི་ཐུན་མོང་རང་བཞིན་གྱི་ཡིད་ཆེས་སུ་ཆགས་འགྲོ་བ་ཡིན། དཔེར་ན། རེས་གཟའ་ཉི་མའི་རྗེས་སུ་ཟླ་བ་དང་། དེའི་རྗེས་སུ་མིག་དམར་དང་། དེའི་རྗེས་སུ་ལྷག་པ་བཅས་རིམ་བཞིན་འབྱུང་གི་ཡོད་པར་ཁྱེད་རང་གིས་མཁྱེན་ཤག་རེད་ལ། དེ་ནི་ཁྱེད་རང་ལ་བསམ་ན་འགྱུར་མེད་ཀྱི་ཚོར་སྣང་ཞིག་ཡིན་ཞིང་། གལ་ཏེ་གཞན་ཞིག་གིས་ཁྱེད་རང་ལ། རེས་གཟའ་ཉི་མའི་རྗེས་སུ་སྤེན་པ་དང་། དེའི་རྗེས་སུ་པ་སངས་ཡིན་པའི་གནས་ཚུལ་ཁུངས་ལུང་དཔང་རྟགས་བཅས་པར་བཤད་རུང་། ཁྱེད་རང་གིས་དེར་ངོས་ལེན་མི་བྱེད་པ་ཡིན་ཏེ། རྒྱུ་མཚན་ནི། ཁྱེད་རང་གིས་འབད་པ་བརྒྱ་དང་དཀའ་བ་སྟོང་གིས་ཉམས་མྱོང་དང་དམིགས་ཡུལ་དང་ལྟ་ཚུལ་སྣ་ཚོགས་གསོག་འཇོག་བྱས་པའི་བརྒྱུད་རིམ་ཁྲོད། རང་ལ་འཐོབ་དགོས་པའི་ཆེས་མཐའ་མཇུག་གི་ཡིད་ཆེས་དེ་སྐྱེས་ཟིན་པ་ཡིན། དེས་ན་ཁྱེད་རང་གི་ངོར་རེས་གཟའ་ཉི་མའི་རྗེས་ལ་ནམ་ཡང་ཟླ་བ་འོང་བ་དང་། ཉི་མ་ཤར་ཕྱོགས་ནས་ཤར་ངེས་ཤིང་ནུབ་ཕྱོགས་སུ་ནུབ་ངེས་པའི་གཏན་འཇགས་འགྱུར་མེད་ཀྱི་བག་ཆགས་དེ་རང་ལ་བགོས་ནས་བཟུང་། ཁྱེད་ཀྱི་ལུགས་ལ་ཉི་མ་ནུབ་ནས་ཤར་ཐབས་མེད་ཅིང་། ཤར་ནས་ནུབ་ཐབས་མེད་པའི་འགྱུར་མེད་ཡིད་ཆེས་ཀྱི་སྒོ་ཆེན་ཕྱེས་ཟིན་པ་ཡིན།
༤༽ ཁྱད་པར་ཕྱིན་ཅི་ལོག་པའི་རང་རྟོན་འདུ་ཤེས་ཀྱི་རྗེས་འབྲས།
དཔེ་དེ་དང་མཚུངས་པར་ཕལ་ཆེར་ཁྱེད་ཀྱིས་ཉམས་མྱོང་ཕྱིན་ཅི་ལོག་པ་འདྲ་ནི་བསགས་ཡོད་རྒྱུ་མ་རེད། མི་སྣ་མང་པོ་ཞིག་ནི་དཀའ་ངལ་འདི་དག་གི་ནང་ལྷུང་གི་ཡོད། སོ་སོའི་འབྲས་བུ་བདེ་བ་རེ་འཐོབ་པའི་དོན་དུ་རྒྱུ་ཉམས་མྱོང་ཕྱིན་ཅི་ལོག་པ་རེ་རྐྱང་རྐྱང་གསོག་གི་ཡོད། དེས་ན་སྐྱེ་བོ་གཞན་ཞིག་གིས་ཁྱེད་རང་ལ་འདི་ལྟར་ཟེར་བའང་འོང་སྟེ། "ལས་དོན་དེ་ཁྱོད་ཀྱིས་འཇོན་ཐབས་མི་འདུག ཁྱོད་ཀྱིས་ཨང་རྩིས་གཏན་ནས་ཤེས་ཀྱི་མ་རེད།" ཅེས་བཤད་འོང་། ཕྱིན་ཅི་ལོག་པའི་ཉམས་མྱོང་གི་གཞི་དེ་ལ་བརྟེན་ནས། ཕྱིན་ཅི་ལོག་པའི་ཚོར་སྣང་དང་ཉམས་མྱོང་ཅི་རིགས་པ་རེ་བསགས་པས། ཁྱེད་རང་སོ་སོར་ལྟ་ཚུལ་ཕྱིན་ཅི་ལོག་པ་རེ་འཛིན་པའི་རྒྱུ་རུ་འགྲོ། དེ་ཡང་འདི་ལྟར་སྟེ། "ངོ་ཐོག་བདག་གིས་ལས་དོན་དེ་འཇོན་ཐབས་མི་འདུག ཨང་རྩིས་འདི་ཤེས་ས་མ་རེད། ཨིན་ཇི་ནི་དེ་བས་ནམ་ཡང་ཤེས་རྒྱུ་མེད་པ་ཞིག་རེད་འདུག་"བསམ་ཡོང་། འོན་ཀྱང་གང་ཟག་གཞན་ཞིག་ལ་དེ་ལས་ལྟ་ཚུལ་གཞན་ཞིག་འཁོར་བ་ཡིན་ཏེ། "བྱ་ལས་འདི་འདྲ་ལས་སླ་མོ་ཞིག་བདག་གིས་ལོས་སྒྲུབ་ཐུབ། ཨང་རྩིས་ནི་མ་ཤེས་རུང་ཧུར་བརྩོན་གྱིས་སྦྱོང་འདོད། ཨིན་ཇི་ནི་དེ་མ་ཐག་ཏུ་སྦྱངས་ཏེ་གྲུབ་འབྲས་ལེགས་སོན་ཡོང་བ་བྱེད་རྒྱུ་ཡིན།" ཞེས་དང་པོ་ཉིད་ནས་ཆོད་སེམས་དྲག་པོའི་ལྟ་ཚུལ་སྐྱེས་འོང་།
ཕྱིན་ཅི་ལོག་པའི་ཡིད་ཆེས་ཀྱི་ཁང་ཀླད་ནི་བརྟན་པོར་གནས་མི་ཐུབ་པ་ཡིན་ཏེ། དེའི་རྟེན་ཉམས་མྱོང་གི་ཀ་བ་རྣམས་ཕྱིན་ཅི་ལོག་པའི་ཕྱིར། དེས་ན་ཡང་དག་པ་དང་ཚུལ་མཐུན་ཉམས་མྱོང་གི་ཀ་བ་རེ་ཚུགས་དང་། གཟོད་ཡང་དག་པ་དང་ཚུལ་མཐུན་གྱི་ཡིད་ཆེས་ཀྱང་སྐྱེད་པ་ཡིན། ཁྱེད་རང་གི་གཡས་གཡོན་ཟར་ཟུར་སྣ་ཚོགས་དག་ན་མྱོང་རོལ་བྱེད་དགོས་པའི་ཉམས་མྱོང་གི་ཟང་ཟིང་ག་གེ་མོ་ཡོད་པས། དེ་དག་ལ་ཧུར་ཐག་འབད་ཐག་སྒོ་ནས་ཉམས་ལེན་གྱིས་ལྟ་ཚུལ་གསར་པ་དང་གསར་པ་རེ་གསོག་སྒྲུབ་བྱོས་དང་། རེ་བ་བཟང་ས་ལ་ཕུགས་བཅོལ་བྱེད་མཁན་རྣམས་ཀྱིས་ནི། གནས་སྟངས་ཐབས་སྡུག་དག་ལས་ཀྱང་ཆེས་ཡང་དག་པའི་ལྟ་ཚུལ་རེ་འདོན་ཐུབ་པ་ཡིན་ལ། ཡིད་ཆད་ཅིང་རེ་བ་སྡུག་ས་ནས་རྒྱག་མཁན་རྣམས་ཀྱིས་ནི། གནས་སྟངས་བཟང་ཕྱོགས་དག་ལས་ཀྱང་ཆེས་ཐ་མལ་བའི་བསམ་ཚུལ་རེ་འདོན་པ་ཡིན། དེའི་ཕྱིར་ན་ཡིད་ཆད་རིང་ལུགས་པ་རྣམས་ཀྱི་རྣམ་དཔྱོད་ལ་ནི་ཆག་སྒོ་ཇེ་ཐུ་རུ་འགྲོ་ཞིང་། ཡིད་རྟོན་རིང་ལུགས་པ་རྣམས་ཀྱི་རྣམ་དཔྱོད་ནི་སྔར་དམ་བཅས་པའི་གནས་སྐབས་ལས་ཀྱང་རྣམ་པར་བརྒལ་ཏེ་རང་གི་འདོད་འདོན་མྱུར་མགྱོགས་ཀྱིས་སྒྲུབ་ཐུབ་པར་བྱེད་པ་ཡིན། འགྱུར་བ་མེད་པའི་གདེང་ཚོད་ཀྱི་ཚོར་སྣང་དང་ངེས་གཏན་གྱི་ཚོར་སྣང་གིས་ལས་དོན་གང་ཞིག་ཀྱང་སྒྲུབ་ཐུབ་པའི་དམ་བཅའ་བྱེད་ལ། དེ་ལྟར་བསྒྲུབས་པའི་རྗེས་འབྲས་ཀྱང་མངོན་པར་བྱེད་ཐུབ་པ་ཡིན།
༥༽ ཐུན་མོང་རང་བཞིན་གྱི་ཡིད་ཆེས་དང་ཁུངས་སྐྱེལ་གྱིས་བཟང་ངན་ཅི་རིགས་པའི་བག་ཆགས་བགོ་ཚུལ།
ཡང་རིགས་གཞན་ཞིག་ནི་ཐུན་མོང་རང་བཞིན་གྱི་ཡིད་ཆེས་(Social Belief)དང་ཐུན་མོང་རང་བཞིན་གྱི་ཁུངས་སྐྱེལ་(Social Proof)ཟེར་བ་གཉིས་ཡོང་གི་ཡོད། མི་རྒུ་མང་ཆེ་བ་ཞིག་ནི་སྤྱི་ཚོགས་ཐུན་མོང་གིས་མྱོང་གྲུབ་བྱས་པའི་བདེན་དོན་གྱི་རྗེས་སུ་འགྲོ་བ་ཡིན། དཔེར་ན་ཁྱེད་རང་གི་ཞིང་ཁའི་ལོ་ཏོག་རྣམས་བྱ་ཡིས་བཟས་ཚེ། གཟོད་ནོངས་འགྱོད་སྐྱེ་འོང་དོན་ཅི་ཡིན་ནམ། རེད། ནོངས་འགྱོད་སྐྱེ་ལོས་ཆོག འགྱོད་སེམས་ངེས་པར་དུ་སྐྱེ་དགོས་ཤིང་། སླར་ཡང་བྱ་རྣམས་ཀྱིས་ལོ་ཏོག་མི་བཟའ་བའི་ཕྱིར་གདུང་ཤུགས་དྲག་པོས་ནོངས་འགྱོད་སྐྱེ་དགོས། དེ་མིན་བྱ་རྣམས་ཡང་ནས་ཡང་དུ་འོང་ཞིང་། ཁྱེད་རང་གི་མི་ཚེའི་མགོ་མཇུག་གང་པོར་ཞིང་ཁའི་ལོ་ཏོག་ཐམས་ཅད་རྩ་མེད་དུ་བཟོས་དང་བཟོ་བཞིན་པའི་མུར་ལྷག་འགྲོ་བ་ཡིན། དེས་ན་དེ་ལྟའི་གནས་སྟངས་ལས་འགྱོད་སེམས་དྲག་པོས་རྩིས་ཟིན་པར་བྱས་ཏེ། སྔར་གྱི་གནས་སྟངས་ལ་འཕོ་འགྱུར་ཐེབས་ངེས་པ་ཅན་དུ་བྱེད་དགོས། ངས་གཏམ་རྒྱུད་འདི་འདྲ་ཞིག་ཀྱང་གོ་མྱོང་། བྱི་ལས་བྱི་བ་བརྒྱ་ཐམ་པ་རེ་བཟས་ཏེ། གློ་བུར་གྱིས་ཕྱིར་ལོག་འགྲོ་བ་རེད་ཟེར། གལ་ཏེ་སླར་ཡང་འོངས་ན་བྱི་བ་ཉིས་བརྒྱ་རེ་བཟས་ནས་ཀྱང་འགྲོ་སྲིད་པ་རེད། གང་ཡིན་ཟེར་ན་དེའི་ཆེད་དུ་ཁོས་ཉམས་མྱོང་འདྲ་བསགས་ནས་ཡོང་གི་ཡོད་མིན་ཅི་ཤེས། དེས་ན་ཐུན་མོང་རང་བཞིན་གྱི་ཁུངས་སྐྱེལ་དང་ཐུན་མོང་རང་བཞིན་གྱི་ཡིད་ཆེས་དེ་དག་བདེན་རུང་རྫུན་རུང་། མི་རྣམས་ལ་ནི་སྣང་ཚུལ་དེ་དང་དེས་འགྱུར་མེད་ཚོར་སྣང་གི་བག་ཆགས་རེ་བགོ་ཐུབ་པར་བྱེད་པ་ཡིན།
༦༽ ཡིད་ཆེས་ཀྱི་ཁ་ལོ་དེ་ཡང་དག་པའི་ལམ་ཕྱོགས་སུ་བསྒྱུར་དགོས་ཚུལ།
རྒྱུན་ལྡན་ངའི་གཏམ་བཤད་ཀྱི་ལས་རིམ་ནང་མཉམ་ཞུགས་བྱེད་པའི་གཞོན་པ་ཞིག གློ་བུར་དུ་གྲོང་གསེབ་ནས་ངའི་ལས་རིམ་སྤེལ་ཁང་དུ་ཡོངས་ཏེ། "སྐུ་ཞབས་བིནྡྲ་ལགས། ངའི་པ་ཕས་ང་རང་ཕ་ཡུལ་ནས་ཕྱི་ལོག་ཏུ་ཁྱོན་ནས་འཐོན་བཅུག་གི་མི་འདུག ང་མི་ཚེ་འདིའི་ནང་ཅི་ཡང་བྱེད་པར་འདོད་མོད། ངའི་པ་ཕས་མཐའ་གཅིག་ཏུ་འགོག་རྒོལ་བྱེད་ཀྱི་འདུག" ཟེར་བར་ངས་འདི་ལྟར་བཤད། "ཅིའི་ཕྱིར་ཁྱོད་ལ་འགོག་རྒོལ་བྱེད་ཀྱི་འདུག་གམ། ཁྱོད་ཀྱིས་ལེགས་པར་ལྟོས་དང་། ཁྱོད་རང་གི་ཁྱིམ་ཚེས་རྒན་པོ་དེས་དཔེ་མཚོན་ཞིག་སྟོན་ཆོག ཁོང་གིས་དུས་རྒྱུན་ཚོང་ལས་ཁྲོད་ཁེ་བཟང་གི་ལྡབ་བཞི་ཆ་རེ་གསོག་ཐུབ་ཀྱི་ཡོད་ཀྱང་། ནམ་ཞིག་གི་ཚེ་ལྡབ་བཞི་ཆ་ནས་དྲུག་ཆའི་བར་གསོག་པར་བྱ་ཕྱིར། གྲོང་གསེབ་ནས་ཕྱིར་འཐོན་ཏེ་ལོག་སླེབས་པའི་ཚེ། ལྡབ་དྲུག་ཆ་འཐོབ་རྒྱུ་ཕར་ཞོག རྒྱུན་ལྡན་ལྟར་གྱི་བཞི་ཆ་ཙམ་པོ་དེ་ཡང་མ་ཐོབ་ཅིང་། དེའི་ཡང་ཕྱེད་དེ་ཉིས་ཆ་ཙམ་ཐོབ་སྟེ་ངོ་སྨད་ཀྱིན་སླེབས་པ་རེད། དེས་ན་ཁྱོད་རང་ཁེ་བཟང་གི་ལྡབ་དྲུག་ཆ་རེ་འཐོབ་ཕྱིར་གྲོང་གསེབ་ནས་ཕྱིར་འཐོན་པར་འདོད་རུང་། ཉིས་ཆ་ཙམ་རེ་རྙེད་དེ་འོང་བ་ངེས་གཏན་ཡིན་པས་ན། ཁྱོད་རང་ལྡབ་འགྱུར་གྱི་ཁེ་བཟང་ཆེན་པོ་རེ་སྒྲུག་འདོད་ཚེ། ཕྱིར་མ་འཐོན་པར་གྲོང་གསེབ་རང་དུ་དཀའ་སྤྱད་འབད་བརྩོན་ངང་སྡོད་དང་།" ཞེས་བཤད་རྒྱུ་བྱུང་། འདི་བཞིན་སྐྱེ་བོ་དུ་མ་ཞིག་གིས་ཁྱེད་རང་གི་ཡིད་ཆེས་ཀྱི་ཁ་ལོ་ལོག་པར་བསྒྱུར་ཐབས་བྱེད་ཀྱི་ཡོད། དེས་ན་ཕྱིན་ཅི་ལོག་པའི་ཁ་ལོ་དེས། ཁྱེད་རང་ལ་ཕྱིན་ཅི་ལོག་པའི་ཉམས་མྱོང་དང་ཕྱིན་ཅི་ལོག་པའི་ལྟ་ཚུལ་གྱི་ཀ་བ་རྐྱང་རྐྱང་རྩིག་བཅུག་པས། ཕྱིན་ཅི་ལོག་པའི་ཡིད་ཆེས་ཀྱི་ཁང་ཀླད་བརྩིག་པར་ཁ་ལོ་བྱེད་པ་ཡིན།
དེས་ན་གལ་ཏེ་ཁྱེད་རང་གིས་སོ་སོར་ཡང་དག་པའི་ཡིད་ཆེས་ཤ་མ་རེ་བསྐྱེད་པར་འདོད་ན། ཡང་དག་པའི་ཉམས་མྱོང་དང་ཡང་དག་པའི་ལྟ་ཚུལ་གྱི་འཆར་སྒོ་རེ་ངེས་པར་དུ་བསྐྲུན་དགོས། དེ་མིན་གང་ཟག་མང་ཆེ་བའི་མི་ཚེའི་ནང་ཡིད་གདུང་གི་ན་ཚ་འཕེལ་བཞིན་པ་རེད་ལ། འགལ་རྐྱེན་གྱི་ཚོར་སྣང་འབའ་ཞིག་པས་དཀའ་ངལ་འཕྲད་ཀྱི་ཡོད། དེང་གི་ཆར་ཁྱེད་རང་གི་མདུན་དུ་ལངས་བསྡད་པའི་ཁ་གཏད་ཆེ་ཤོས་གཅིག་རང་ཞིག་ཡོད་དེ། དེ་ནི་ཁྱེད་རང་གིས་སོ་སོར་ཆག་སྒོའི་ལྟ་ཚུལ་གསར་པ་གང་ཞིག་བསླངས་ཡོད་མེད་རེད། དེ་གཞིན་གཞན་ཡང་ཁྱེད་རང་གི་མདུན་དུ་ལངས་བསྡད་པའི་ཁ་གཏད་ཆེ་ཤོས་གཅིག་རང་ཞིག་ཡོད་དེ། དེ་ནི་ཁྱེད་རང་གིས་སོ་སོར་ཡིད་གདུང་གི་ལྟ་ཚུལ་གསར་པ་གང་ཞིག་བསླངས་ཡོད་མེད་རེད། དེ་ནི་ཁྱེད་རང་གིས་ཉམས་མྱོང་གི་ཀ་བ་རྨང་ནས་མ་བཙུགས་ཤིང་མ་བསླང་བ་ལ་ཡིད་ཆེས་ཀྱི་ཁང་ཀླད་རྩིག་ཐབས་བྱས་པས་ལན་པ་རེད།
༧༽ ཡར་ཐོན་ཐམས་ཅད་ཀྱི་འགག་གྲོལ་ཡིད་ཆད་དང་ཡིད་རྟོན་གྱི་རིང་ལུགས་གཉིས་ཡིན་ཚུལ།
ཡར་ཐོན་ཐམས་ཅད་ཀྱི་འགག་ས་དང་གྲོལ་སའི་གཞི་ནི། མཁྲེགས་འཛིན་ཡིད་ཆད་རིང་ལུགས་(Pessimistic Rigitidy)དང་། མཁྲེགས་འཛིན་ཡིད་རྟོན་རིང་ལུགས་(Optimistic Rigitidy)གཉིས་ཏེ། འདི་དག་ལས་མཁྲེགས་འཛིན་ཡིད་ཆད་རིང་ལུགས་པ་ལ་གདེང་ཚོད་ཀྱི་ཚོར་སྣང་གཏན་ནས་མེད་ཅིང་། དེའི་ལྡོག་ཕྱོགས་མཁྲེགས་འཛིན་ཡིད་རྟོན་རིང་ལུགས་པ་ལ་ནི། ཅིའང་འོང་སྲིད་ཅིང་ཅིའང་བྱར་ཐུབ་པའི་གདེང་ཚོད་ཀྱི་ཚོར་སྣང་སྐྱེས་འོང་། དེ་བཞིན་ཡིད་ཆད་རིང་ལུགས་ནི་སྟངས་འཛིན་རང་བཞིན་གྱི་ནུས་ལྡན་(Controlled Potential)ཡིན་པ་དང་། དེས་རང་ཉིད་ལ་མགོ་མཇུག་ཡོངས་ནས་སྟངས་འཛིན་བྱེད་པར་མཚོན་པ་ཡིན། འོན་ཀྱང་ཡིད་རྟོན་རིང་ལུགས་ནི་གློད་གྲོལ་རང་བཞིན་གྱི་ནུས་ལྡན་(Released Potential)ཡིན་པ་དང་། དེས་རང་ཉིད་ལ་མགོ་མཇུག་ཡོངས་ནས་གློད་གྲོལ་བྱེད་པར་མཚོན། དེས་ན་ཡིད་རྟོན་རིང་ལུགས་འདིས་ང་རྒྱལ་འཕར་མ་ཞིག་གི་རྐྱེན་གྱིས་རང་ལ་ནུས་པ་ཅི་ཡོད་ཐམས་ཅད་གློད་གྲོལ་བྱེད་པ་ཡིན། དེའི་ཕྱིར་ན་ཁྱེད་རང་ཡང་རང་ལ་ནུས་པ་ཅི་ཡོད་ཐམས་ཅད་པོ་ཕྱི་རོལ་དུ་མངོན་ཐུབ་པར་བྱོས་དང་། རྒྱུ་མཚན་ནི་ཁྱེད་རང་གི་ནུས་པ་དང་འཇོན་ཐང་དག་ནི་ཚད་ངེས་མེད་ཅན་ཞིག་ཡིན། དེ་བཞིན་ཡིད་རྟོན་རིང་ལུགས་ཀྱིས་རང་གི་ནུས་པ་དང་འཇོན་ཐང་དག་ལ་ཤེས་རྟོགས་དང་མཐོར་འདེགས་བྱེད་ཅིང་། འོན་ཀྱང་ཡིད་ཆད་རིང་ལུགས་པས་ནི་འཇོན་ཐབས་མེད་པའི་ཡིད་ཆད་ཀྱིས་རང་ཉིད་ལ་སྟངས་འཛིན་ཁོ་ན་བྱས་ནས་སྡོད་པ་ཡིན། ཡིད་རྟོན་པས་"ངས་ལས་དོན་དེ་སྒྲུབ་ཐུབ་མིན་ཚོད་ལྟ་བྱེད་ཆོག་"ཅེས་དམ་བཅའ་བྱེད་ཐུབ་པ་ཡིན་ཀྱང་། ཡིད་ཆད་པས་ནི་"ངས་གཏན་ནས་སྒྲུབ་ཐུབ་ས་མ་རེད་"ཟེར་ནས་ཡིད་ཁུམས་འགྲོ་བ་ཡིན། དེས་ན་ཡིད་ཆད་རིང་ལུགས་པ་ནི་གྲུབ་འབྲས་གཡུར་དུ་ཟ་བའི་ཉམས་མྱོང་གི་ཚད་གཞི་ལོངས་མི་ཐུབ་མཁན་གྲས་ཡིན་ལ། ཡིད་རྟོན་རིང་ལུགས་པ་ནི་གྲུབ་འབྲས་གཡུར་དུ་ཟ་བའི་ཉམས་མྱོང་གི་ཚད་གཞི་ལྷག་པོར་ལོངས་རྒྱུ་ཡོད་པའི་གྲས་ཤིག་ཡིན། ཡིད་རྟོན་པས་དང་པོ་ཉིད་ནས་ཉམས་མྱོང་གི་ཚད་གཞི་འགའ་བླངས་ཡོད་ཅིང་། ད་རུང་གཡས་གཡོན་གོང་འོག་རྣམས་སུ་ལྟ་ཞིབ་བྱེད་དུས། "ཁོང་ཡང་ལམ་ལྷོང་བྱུང་འདུག མོ་ཡང་ལེགས་གྲུབ་བྱུང་ཤག ལོས་དང་ལོས། ཁོ་ཚོས་བྱེད་ཐུབ་ན་ངས་མི་ཐུབ་པ་ཞིག་གང་ན་ཡོད།" ཅེས་བསམ་བཞིན་ཉམས་མྱོང་གསར་པ་དང་ལྟ་ཚུལ་གསར་པ་དུ་མ་བསྡུ་རུབ་བྱས་ཏེ་ཆེས་ཡར་ཐོན་གྱི་ལམ་བུར་བསྐྱོད་པ་ཡིན། དེས་ན་ཐམས་ཅད་ཀྱིས་ཡར་ཐོན་འབྱུང་བར་འདོད་ན། ཕྱིན་ཅི་ལོག་པའི་ཡིད་ཆེས་ཀྱི་འཛིན་སྟངས་དོར་ཅི་ཐུབ་བྱེད་དགོས། ཡང་དག་པའི་ཡིད་ཆེས་ཀྱི་འཛིན་སྟངས་ལེན་ཅི་ཐུབ་བྱེད་དགོས།
༨༽ འདིར་སྣང་ངལ་ཚེགས་ཐམས་ཅད་ཀྱི་གཞི་རྟེན་ཐུན་མོང་རང་བཞིན་གྱི་དཔང་རྟགས་དང་ཡིད་ཆེས་རྣམས་ཡིན་ཚུལ།
ང་ཚོ་མང་ཆེ་བ་ཞིག་ནི། ཐུན་མོང་རང་བཞིན་གྱི་དཔང་རྟགས་དང་ཡིད་ཆེས་ཀྱིས་དཀའ་ངལ་བཟོས་དང་བཟོ་བཞིན་པ་རེད། དཔེར་ན། ཉིན་གཅིག་ང་དང་ངའི་ཚོང་ཤག་གཅིག་བཅས་ང་ཚོ་འགའ་ཞིག་སྣུམ་འཁོར་ནང་འགྲོ་བཞིན་པའི་སྐབས། གཡོན་ཕྱོགས་ནས་བྱི་ལ་ནག་པོ་ཞིག་མྱུར་པོར་འགྲོ་བསྡད་པར་མཐོང་མ་ཐག ང་ཚོའི་རྒྱབ་ལོགས་ན་ཡོད་པའི་མི་ཞིག་གིས། "སྣུམ་འཁོར་ཁོག་དང་ཟུར་ནས་བྱི་ལ་ཞིག་འགྲོ་ཡི་འདུག ཁོར་གནོད་པ་འབྱུང་སྲིད་"ཅེས་བཤད་པར། ངའི་ཚོང་ཤག་གིས་དེར་འདི་ལྟར་བཤད་དེ། "བྱི་ལས་ཁྱོད་རང་ལ་གནོད་དམ་ཁོ་རང་ལ་གནོད། ཅི་སྐྱོན་གྱི་མ་རེད། ཤར་བསྐྱོད་བྱོས་ཤོག་"ཟེར། འོན་ཀྱང་འུ་ཅག་ཤུགས་ཆེ་བས་འདི་འདྲའི་ཉམས་མྱོང་ཞིག་བསགས་ཡོད་དེ། གལ་ཏེ་སོ་སོས་སྣུམ་འཁོར་གཏོང་བཞིན་པའི་སྐབས། སོ་སོ་དང་ལྷན་དུ་ཟུར་ནས་བྱི་ལ་ཞིག་འགྲོ་བར་མཐོང་རུང་ཡ་མེད་བཏང་ནས་འགྲོ་ཞིང་། དུས་ཚོད་ཏག་ཏག་དེར་བྱི་ལ་དེས་རྐྱེན་བྱས་རུང་མ་བྱས་རུང་། གལ་ཏེ་རང་ལ་ཆག་སྒོ་ཞིག་འཕྲད་ན། ཡོད་ཚད་བྱི་ལ་དེས་མ་འགྲིག་སྣང་དང་མ་བྱུང་ཚུལ་གྱི་ལྟ་ཚུལ་སྐྱེས་འོང་། དེས་ན་ཐུན་མོང་རང་བཞིན་གྱི་རྒྱུ་མཚན་དང་ཡིད་ཆེས་ཀྱིས་ང་ཚོར་ལམ་ནོར་དུ་འཁྲིད་པའང་མང་ལ། ལམ་བཟང་པོར་འཁྲིད་པའང་མང་པོ་ཡོད། དཔེར་ན་ཁྱེད་རང་གིས། "ངས་ཨིན་ཇི་གཏན་ནས་ཤེས་ཀྱི་མི་འདུག" ཟེར་བའི་ཀུན་སློང་འཁོར་བ་དང་། རྐྱེན་དེ་ཡིས་ཁྱེད་རང་ལ་ཆག་སྒོ་གང་ཞིག་བཟོ་ཡི་ཡོད་ཟེར་ན། ཁྱེད་རང་གིས་སོ་སོའི་ཀླད་པའི་ནང་ཤེས་བྱ་གསར་པ་ཞིག་ནང་འཇུག་བྱེད་པར་བཀག་རྒྱ་བྱེད་ཀྱི་ཡོད།
༩༽ ཤེས་བྱ་གསར་ཐོབ་ཀྱིས་ཉམས་མྱོང་འཕེལ་རྒྱས་བཏང་བའི་སྒོ་ནས་རང་རྟོན་བླ་ལྷག་ཏུ་འདེགས་ཚུལ།
གལ་ཏེ་ཁྱེད་རང་གིས་གོང་བཤད་ཉམས་མྱོང་གསོག་པའི་བརྒྱུད་རིམ་གྱི་ཐབས་ཤེས་ལྔ་པོ་ཐམས་ཅད་མ་མཁྱེན་བཞིན་དུ་རང་རྟོན་འདུ་ཤེས་ཀྱི་ཁང་ཀླད་གསར་བསྐྲུན་གནང་ཟིན་ཡོད་ན། སླར་ཡང་བརྒྱུད་རིམ་དེ་དག་ལ་མཁྱེན་རྟོགས་ལེགས་པར་གནང་ནས། རང་རྟོན་འདུ་ཤེས་ཀྱི་ཁང་ཀླད་ཆེས་གསར་ཞིང་ཕུལ་དུ་བྱུང་བ་ཞིག་ལོས་བསྐྲུན་ཐུབ། དེས་ན་རང་གིས་རང་ལ་སླར་ཡང་ནན་གྱིས་འགོ་འཛུགས་བྱེད་ཆོག་ཅིང་། སླར་ཡང་ཤེས་བྱ་གསར་ཐོབ་བྱེད་ཆོག་ལ། སླར་ཡང་ཉམས་མྱོང་འཕེལ་རྒྱས་གཏོང་ཆོག་པ་ཡིན་པས། གཟོད་སླར་ཡང་ཁྱེད་ཉིད་འཇིག་རྟེན་འདིར་རྣམ་པ་གསར་པ་ཞིག་གི་ཐོག་ནས་འོང་ཞིང་བསྐྱོད་ཆོག་པ་ཡིན། དེས་ན་སླར་ཡང་གོང་གི་ཐབས་ཚུལ་དེ་དག་ལ་ཉམས་ལེན་བྱོས་དང་། དཔེར་ན་འདིར་བསམ་ཞིབ་ཅིག་གནང་ན། མི་ཞིག་གིས་སྐར་ཆ་ ༥༥ འི་ནང་མི་ཊར་ ༤༠༠ ཐམ་པ་འདུར་རྒྱུགས་བྱས་པ་རེད་ལ། དེ་མཚམས་སུ་ཏག་ཏག་མི་མང་རྣམས་ཀྱི་བསམ་པར། འཛམ་བུ་གླིང་འདིའི་ནང་ཁོ་ལྟ་བུའི་ཚད་མཐོའི་རྒྱུག་འགྲན་པ་མེད་པར་ཐག་གཅོད་བྱེད་ཅིང་། ཁོས་ཀྱང་རྒྱལ་ཁ་དེ་ལྟ་བུ་བླངས་པར་འཛམ་གླིང་ཐོག་ཐེངས་མ་དང་པོ་ཡིན། རིམ་བཞིན་ལོ་གཅིག་གི་རྗེས་ལ། མི་རྒུ་ ༢༥ ཡིས་སྐར་ཆ་ ༥༢ ནང་ཚུན་མི་ཊར་ ༤༠༠ ཐམ་པའི་རྒྱུག་འདུར་གྱི་རྒྱལ་ཁ་བླངས་ཡོད་ཅིང་། དེའི་རྗེས་སྐར་ཆ་ ༥༡ དང་ ༥༠ སོགས་ཀྱི་ནང་དུ་མི་ཊར་དེ་ཚོད་ཀྱི་རྒྱལ་ཁ་བླངས་པ་སོགས་བྱུང་བ་ཡིན། དེའི་རྒྱུ་མཚན་ཁོ་རང་ཚོར་ཉམས་མྱོང་གི་རྒྱུ་རྐྱེན་འབྲས་གསུམ་ཕུན་སུམ་ཚོགས་པར་འཛོམས་པས་རེད། འདི་དག་སྲིད་པ་ལས་མི་སྲིད་པ་ཞིག་གཏན་ནས་མིན་པའི་གདེང་ཚོད་ཀྱི་ཚོར་སྣང་དང་ལྟ་ཚུལ་ལྡན་པས་རེད།
༡༠༽ རང་རྟོན་འདུ་ཤེས་འདི་ཤིན་ཏུ་ཁེ་ཉེན་ཆེ་བའི་ཚུལ།
ཁྱེད་རང་གིས་སོ་སོར་ཅི་འདྲའི་ཚོར་སྣང་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་དམ། གལ་ཏེ་ཁྱེད་རང་འགྱུར་མེད་ཚོར་ལྡན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ན། ཚོར་སྣང་འདིས་ཡིད་ཆད་ཅན་གྱི་མི་སྣ་རེ་ཟུང་ལ་བག་ཁུམ་དུ་ཡང་བཅུག་ཡོད་ཅིང་། ཡིད་རྟོན་ཅན་གྱི་མི་སྣ་འགའ་ལ་དབུགས་དབྱུང་ཡང་བཏང་ཡོད་པ་ཡིན། དེས་ན་འདི་ལྟ་བུ་ལ་ཡིད་ཆེས་ཀྱི་མ་ལག་གསར་གཏོད་བྱེད་ཐབས་ཟེར། རང་རྟོན་འདུ་ཤེས་ཀྱི་ཐབས་ལམ་འདིའི་བརྒྱུད་ཁྱེད་རང་སོ་སོར་རང་འགུལ་གྱིས་རང་གཅུན་(Repilot)བྱེད་ཐུབ་པའི་ཁང་བཟང་དུ་འཛུལ་ཞུགས་བྱེད་ཐུབ་པ་ཡིན། འོན་ཀྱང་རང་རྟོན་འདི་རང་གཞན་རྦད་དེ་ཐ་དད་དུ་འཛིན་ཅིང་མི་མཐུན་ཕྱོགས་སུ་འཛིན་པའི་སྒེར་སེམས་ཁོ་ནའི་དབང་དུ་བསྒྱུར་ཚེ། མཐའ་ན་ཆོས་ལུགས་ཀྱི་གཡོ་འོག་ཏུ་ཚུད་པའི་མི་མཐུན་པའི་རྐྱེན་སྣ་ཚོགས་པས་ཀྱང་ཕན་ཚུན་འཁྲུག་རྩོད་ཀྱི་གཞིར་གྱུར་ཞིང་། ཕན་ཚུན་ང་ཁྱོད་ཀྱི་ཆོས་ལུགས་བཟང་ངན་ཤན་འབྱེད་བྱེད་ཆེ་དྲགས་པས། ལན་རེའི་བར་དུ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་ཚབས་ཆེན་དག་ཀྱང་གསོག་འགྲོ་བ་ཡིན། དེར་བརྟེན་གལ་ཏེ་རང་རྟོན་འདུ་ཤེས་འདི་ལམ་ནོར་ཐེབས་ནས་བཟུང་། ཤིན་ཏུ་འཇིགས་ཡེར་ཞིང་བཟོད་ཐབས་བྲལ་བའི་གནས་ཚུལ་ཡ་མ་ཟུང་དག་ཀྱང་འཕྲད་པར་གྱུར་བ་ཡིན། ཅིའི་ཕྱིར་ན་ལམ་ནོར་ལ་ཞུགས་པའི་རང་རྟོན་འདུ་ཤེས་པ་རྣམས་ནི། རང་ཉིད་ཀྱི་ཀླད་པའི་མཛོད་ཆེན་དུ་ཤེས་བྱ་གསར་པ་ཁག་ནང་འཇུག་བྱེད་པར་སྤྲོ་སེམས་ཡེ་ནས་མེད་པས་ཡིན། ལྟ་ཚུལ་འདི་ལྡན་གྱི་གང་ཟག་ལ་བསམ་འཆར་བཏོན་རུང་བློ་བསྐྱེད་བྱིན་རུང་། ཐབས་ཤེས་གང་དྲག་བཏོན་རུང་འགྱུར་ཐབས་མེད་པའི་མཁྲེགས་འཛིན་གྱི་ཡིད་ཆད་རིང་ལུགས་པ་ཆགས་ཟིན་པ་ཡིན། དེས་ན་རང་རྟོན་འདུ་ཤེས་འདི་ཤིན་ཏུ་ཁེ་ཉེན་ཆེ་བའི་ཚུལ་ཞིག་ཡིན་པ་འདི་དག་ནས་ཤེས་ཡོང་།
༡༡༽ ཁྱིམ་ཚང་ལམ་ལུགས་ཀྱི་ཡིད་ཆེས་ནི་ཡང་དག་པའི་ཐུན་མོང་རང་བཞིན་གྱི་ཡིད་ཆེས་ཀྱི་འབྲས་བུ་ཡིན་ཚུལ།
དེང་གི་ཆར་ཤེས་དགོས་པ་ཞིག་སྟེ། ཁྱིམ་ཚང་ལམ་ལུགས་ཀྱི་ཡིད་ཆེས་(Family Belief)འདི་ཅིའི་ཕྱིར་འབྱུང་གི་ཡོད་དམ། ངས་ང་རང་ཚོའི་རྒྱལ་ནང་འདིར་ལྟ་ཞིབ་བྱེད་དུས་ཤིན་ཏུ་ནས་ཡ་མཚན་གྱི་འདུག དེ་ཡང་ཡུ་པི་དང་བི་ཧཱར་གྱི་མི་མང་ཐམས་ཅད་པོ་གཞུང་ལས་ཁོ་ནའི་རྗེས་སུ་འདུར་རྒྱུག་གིས་འབྲངས་འགྲོ་ཡི་ཡོད། ཁྱེད་རང་གིས་གཟིགས་ཞིབ་ཅིག་གནང་དང་། དེར་ཡོད་མི་མང་ཚང་མས་ས་གནས་འཛིན་སྐྱོང་ཞབས་ཞུ་བ་དང་། ཉེན་རྟོག་ཞབས་ཞུ་བ། རྫོང་སྲི་ཞུ་བ། བཟོ་ལས་ཞབས་ཞུ་བ་སོགས་གཞུང་ཞབས་པ་རྐྱང་རྐྱང་ཡོད། འོན་ཀྱང་གུ་ཇ་རཱཏ་དང་རཱ་ཇ་སྠཱན་ནང་གི་མི་མང་ལས་སུ་གཅིག་ཀྱང་གཞུང་ཞབས་པ་མེད། ཐམས་ཅད་ཚོང་གཉེར་བ་རྐྱང་རྐྱང་རེད། ཁྱིམ་ཚང་རེ་རེའི་ཆེ་ཆུང་མེད་པར་ཀུན་གྱིས་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་། ཡོང་བབ་དང་དངུལ་གྲོན་གྱི་སྐད་ཆ་རྐྱང་རྐྱང་བཤད་ཅིང་། ཐམས་ཅད་ཕྱུག་བདག་ཆགས་པར་ངལ་རྩོལ་དང་ལས་སྣོན་བྱེད་ཀྱི་ཡོད། འདི་དག་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཡིད་ཆེས་ཀྱི་ཆོ་འཕྲུལ་(Powerful Magic of Belief)རེད། དེ་བཞིན་ཐུན་མོང་རང་བཞིན་གྱི་དཔང་རྟགས་དང་ཐུན་མོང་རང་བཞིན་གྱི་ཡིད་ཆེས་ཀྱི་འབྲས་བུ་རེད། དེ་ལྟ་བུའི་ཆོ་འཕྲུལ་དང་འབྲས་བཟང་ལ་བསྙེག་ཕྱིར་རང་འགུལ་གྱིས་རང་འདོམས་རང་གཅུན་བྱེད་པའི་ལམ་བཟང་དུ་བསྐྱོད་དགོས་པ་ཡིན།
ངའི་ལས་རིམ་ནང་མཉམ་ཞུགས་པ་ཞིག་གིས་ཟེར་ན། གནོད་པ་ཐམས་ཅད་ཀྱི་རྩ་བའི་རྒྱུ་དངུལ་ཉིད་ལས་འགྲོ་ས་མེད་ཟེར། འོན་ཀྱང་དེ་ལྟར་མ་ཡིན་ཏེ། གནོད་པ་ཐམས་ཅད་ཀྱི་རྩ་བའི་རྒྱུ་ནི་དངུལ་ཉིད་ལ་ཞེན་ཅིང་རྗེས་སུ་ཆགས་པའི་བློ་དེ་རེད། ཁྱེད་རང་བསམ་ཞིབ་ཅིག་གནོངས་དང་། འཇིག་རྟེན་འདིར་ཨ་སྒོར་ཐེར་འབུམ་སྟོང་ཕྲག་གི་བདག་པོ་ཇི་ཡོད་ཐམས་ཅད་ཀྱིས། སྦྱིན་པ་གཏོང་ཡུལ་དང་ཞལ་འདེབས་འབུལ་ཡུལ་ཡོད་ཚད་ནས་ཡོད་ཚད་ལ་ལོངས་སྤྱོད་གནང་གི་ཡོད། དཔེར་ན་བྷིལ་གྷེཊས྄་(ཐེར་འབུམ་སྟོང་ཕྲག་༧༧།)དང་། ཝར་རེན་བྷཧྥ་ཧྥེཊ་(ཐེར་འབུམ་སྟོང་ཕྲག་༦༦།)དང་། མཱརྐ་ཛཀྐར་བྷརྒ་(ཐེར་འབུམ་སྟོང་ཕྲག་༣༥།)ལ་སོགས་པ་སུ་ཞིག་ཡིན་རུང་། ཁོང་རྣམས་ནི་དངུལ་ཉིད་གནོད་པ་ཐམས་ཅད་ཀྱི་རྩ་བའི་རྒྱུ་རུ་ངོས་འཛིན་གཏན་ནས་མི་གནང་བ་ཡིན། དེ་ནི་ཁོང་རྣམ་པ་ཚོས་བརྒྱུད་རིམ་མང་པོར་བརྒྱུད་ནས་ལྟ་ཚུལ་དང་ཉམས་མྱོང་སྣ་ཚོགས་གསོག་འཇོག་གིས་ཕུལ་བྱུང་གི་འབྲས་བཟང་བརྙེས་པས་རེད།
དཔལ་ལེགས་ལྡན་ནག་པོའི་གསུང་ཚིགས་བཅད་གཅིག་གི་སྒོ་ནས་མཇུག་བསྡུ་བ།
མཐའ་དོན་འདིར་«དཔལ་ལེགས་ལྡན་ནག་པོའི་གླུ་» ཡི་ཚིགས་བཅད་གཅིག་གི་ཐོག་ནས་མཇུག་སྡུད་བྱེད་ཀྱི་ཡིན། སྲིད་སྒྲུབ་ཀྱིས་ལེགས་ལྡན་ནག་པོའམ་ལྷ་ཆེན་ཁྱབ་འཇུག་ལ་དྲི་བ་འདི་ལྟར་ཞིག་དྲིས་ཡོད་པ་སྟེ། དེ་ཡང་སེམས་འདིས་བདག་ལ་དཀའ་ངལ་རབ་དང་རིམ་པར་སྤྲོད་ཀྱི་འདུག་ན། སེམས་འདི་ལ་བསྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་གསུང་རོགས་ཞེས་ཞུས་པར། ལྷ་ཆེན་ཁྱབ་འཇུག་གིས་སྨྲས་པ། སེམས་འདི་བསྲུང་བར་ལོས་དཀའ་སྟེ། །སེམས་ཞི་བར་ནི་རབ་དཀའ་མོད། །སྒྲུབ་པའམ་སྤོང་བའི་སྦྱོར་བ་ཡིས། །སེམས་ནི་རབ་ཏུ་ཞི་བར་འགྱུར། །ཅེས་གསུངས་པ་སྟེ། སྤྱིར་སེམས་འདི་བསྲུང་བར་ལོས་དཀའ་ལ། ཁྱད་པར་ཕྱིན་ཅི་ལོག་པའི་ཡིད་ཆེས་འདི་མགོ་སྙོམས་པར་ལས་སླ་པོ་གཏན་ནས་མེད་ཅིང་། གལ་ཏེ་མགོ་སྙོམས་པར་འདོད་རུང་། ལས་དོན་གཉིས་སྒྲུབ་དགོས་པ་ཡིན་ཏེ། རང་རྒྱུད་ལ་ཡང་དག་པར་བརྟག་ཅིང་དཔྱད་པས་གང་མ་ཚང་བའི་ཡོན་ཏན་གྱི་ཆ་རྣམས་སྒྲུབ་པར་བྱེད་དགོས་པ་དང་། ཅི་ནས་ཚང་མི་འོས་པའི་ཉེས་དམིགས་ཀྱི་ཆ་རྣམས་སྤོང་བར་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད། དེ་ཡང་ཡོན་ཏན་ཅི་ཞིག་སྒྲུབ་དགོས་པ་དང་ཉེས་དམིགས་ཅི་ཞིག་སྤོང་དགོས་སམ་ཟེར་ན། རང་ཉིད་ལ་ཕན་ཐོགས་ངེས་ཅན་གྱི་ཡང་དག་པའི་ལྟ་ཚུལ་དང་ཡང་དག་པའི་ཉམས་མྱོང་རྣམས། སྔར་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་བསྐྱེད་པ་སྤེལ་བའི་སྒོ་ནས་སྒྲུབ་པར་བརྩོན་དགོས་པ་དང་། རང་ཉིད་ལ་གནོད་ངེས་ཅན་གྱི་ཕྱིན་ཅི་ལོག་པའི་ལྟ་ཚུལ་དང་ཕྱིན་ཅི་ལོག་པའི་ཉམས་མྱོང་རྣམས། སྔར་མ་སྐྱེས་པ་སྐྱེ་བར་མི་འཇུག་པ་དང་སྐྱེས་ཟིན་ཉམས་སུ་འཇུག་པའི་སྒོ་ནས་སྤོང་བར་བརྩོན་དགོས་པ་ཡིན།
འདི་དག་ཐམས་ཅད་ཉིན་གཅིག་དང་གཉིས་སོགས་ཀྱི་ནང་དུ་སྒྲུབ་ཐུབ་པ་མ་ཡིན་པར། མུ་ནས་མུ་མཐུད་དེ་ཐབས་བརྒྱ་བྱུས་སྟོང་གི་སྒོ་ནས་འབད་པ་བརྒྱ་དང་དཀའ་བ་སྟོང་གིས་སྒྲུབ་དགོས་པ་ཡིན། དེ་ཡང་རྒྱུན་པར་རང་ལུས་ལ་གཙང་འཁྲུད་རྒྱག་པ་བཞིན། སེམས་ལའང་དེ་ལྟར་གཙང་འཁྲུད་ཀྱིས་གཅེས་བསྲུང་བྱེད་དགོས། དེའི་ཆེད་དུ་ད་ཆ་ངས་ཀྱང་མནའ་སྐྱེལ་དམ་བཅའ་བྱས་ཟིན་པ་ཡིན། གཏམ་བཤད་ཀྱི་ལས་རིམ་འདིའི་བརྒྱུད་འགྲོ་གྲོན་དུ་མ་བཏང་སྟེ་ཁྱད་འཕགས་དོན་ལྡན་གྱི་བརྗོད་བྱ་རེ། ཁྱེད་རང་ལ་རིན་མེད་དུ་ཕུལ་ནས་ཁྱེད་ཀྱི་མི་ཚེ་ལེགས་ཕྱོགས་སུ་གཏོང་བར་འདོད། ངའི་རེ་བ་ལ་གཏམ་བཤད་འདི་ཁྱེད་ཀྱི་བརྒྱུད་ནུས་མེད་ཉམ་ཐག་པ་ཡོད་ཚད་ཀྱི་མདུན་དུ་འཕྲོད་པར་འདོད། དེ་ཡང་ཡིད་ཆེས་ཀྱི་མ་ལག་ཐམས་ཅད་སྒོ་ཀུན་ནས་ཕྱིན་ཅི་ལོག་པར་སོང་བ་དེ་དག་ལ་འཕྲོད་པར་འདོད། ཅིའི་ཕྱིར་ན། མིའི་ནུས་པའི་རང་བཞིན་དེ། ལུས་པོའི་སྟེང་ནས་མ་ཡིན་པར་སེམས་ཀྱི་སྟེང་ནས་ཡོང་གི་ཡོད། གལ་ཏེ་སེམས་ཐོག་ནས་མིའི་ནུས་པའི་རང་བཞིན་དེ་སླེབས་ཚར་ནས་བཟུང་། ཁྱོད་རང་ནམ་ཡང་རྒྱལ་བ་ཡིན།
བསྒྱུར་གཞིའི་བརྙན་ཐུང་གི་མིང་བྱང་དང་དྲྭ་ཐག
ཚན་པ་གཉིས་པ།: How To Change Belief System
⊰ ཚན་པ་དང་པོ་གཟིགས་ན་གཤམ་འདིར་ནོན། ⊱


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།