རྩོམ་པ་པོ། རྨེ་གྲྭ་ཚེ་རིང་བསམ་གྲུབ།
རྒྱུ་མཚན་ཤེས་ནས་དད་པ་དང་ཅི་ཡང་མ་ཤེས་པར་མགོ་རྨོངས་ནས་དད་གུས་བྱེད་པ་གཉིས་ནི། ནོར་འཁྲུལ་འབྱུང་སྐྱེན་པ་ཞིག་ཡིན། རྨོངས་དད་ནི་གདོད་མའི་དུས་རབས་ནས་བྱུང་བའི་མིའི་འཇིགས་པ་སོགས་བསྐྱབ་པར་རེ་བའི་བསམ་བློ་ཞིག་སྟེ། མིས་བསྒྲུབ་མི་ཐུབ་པའི་བྱ་བ་དང་ཡང་ན་འཇིགས་པ་སོགས་ལྷ་ལ་སྐྱབས་འཚོལ་བའི་ལུགས་སྲོལ་ཞིག་སྟེ། གདོད་མའི་དུས་སྐབས་སུ་མི་རྣམས་ལ་དགྲ་ཇག་ཆོམ་རྐུན་གྱི་འཇིགས་པས་གཙེས་དྲགས་པས་འཇིགས་པ་དེ་ལས་བསྐྱབ་པའི་ཐབས་ལམ་གཞན་མ་རྙེད་པར། ལྗོན་ཤིང་དང་རི་བྲག་ཆུ་ཤིང་སོགས་ལ་ལྷ་ཡིན་པའམ་ཡོད་པར་རེ་ནས་འཇིགས་པ་ལས་བསྐྱབ་ཕྱིར་དུ་རྒྱུ་མཚན་ཅི་ཡང་མ་རྙེད་རུང་དེ་ལ་དད་པ་དང་། མཆོད་གསོལ་དང་སྐྱབས་འཚོལ་བར་བྱས་པ་ནི་མིའི་རིགས་ཀྱི་རྨོངས་དད་ལམ་ལུགས་ཀྱི་ཐོག་མ་ཡིན།
རིམ་བཞིན་འདི་ལ་རྨོངས་དད་ཅེས་པའི་བརྡ་ཆད་བྱུང་སྟེ། འདི་ནི་སྐྱེ་བོ་ཐུན་མོང་གི་སེམས་ལ་འཆར་རུང་བ་ཞིག་སྟེ། མགོ་སྐོར་ཐེབས་པའམ་ཡིད་རྨོངས་བཞིན་བྱ་བ་ག་གེ་མོར་ཞུགས་པ་དང་གཞན་ལ་ཡིད་ཆེས་བྱེད་པའི་འདུ་ཤེས་དེ་ནི་རྨོངས་དད་རེད། མ་གཞི་ནས་དམིགས་འབེན་དེ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་མེད་མ་ཡིན་པར་རང་གིས་གང་ཡང་མི་ཤེས་པའི་སྒོ་ནས་བདེན་པར་རློམ་པ། དད་པ་དང་ཡང་ན་ཡིད་ཆེས་བྱས་པ་ཡིན་ནའང་རང་ལ་མཚོན་ན་ཚང་མ་རྨོངས་དད་རེད། རྨོངས་དད་ལ་གཞི་ནས་མི་སྲིད་པ་ལ་ཡོད་པར་འདོད་པའི་རྨོངས་དད། རྒྱུ་མཚན་མ་ཤེས་རུང་བདེན་པར་ཞེན་པའི་གཡམ་རྒྱུག་གི་རྨོངས་དད་གཉིས་ཡོད།
ཆོས་ལུགས་དང་ཚན་རིག བྱ་བའི་འཇུག་ལྡོག གྲོགས་པོ། ཡང་ན་དངོས་པོ་དང་སྐད་ཆ་སོགས་ལའང་རྨོངས་དད་ཀྱི་བསམ་བློ་སྐྱེ་རུང་བ་ཡིན།
ལྷག་ཏུ་ཆོས་ལ་བརྟེན་ནས་རྨོངས་དད་བྱེད་པ་ནི།
དད་པ་བྱེད་ཡུལ་དེ་ལ་རིགས་པས་མ་དཔྱད་མ་བརྟགས་པའམ།
ཡང་ན་ཡིན་མིན་དང་ཡོད་མེད་བདེན་རྫུན་སོགས་དབྱེ་འབྱེད་ཀྱི་ཤེས་རབ་མི་ལྡན་པར་ཡུལ་སྲོལ་གོམས་གཤིས་དང་།
སྲོལ་རྒྱུན་ཙམ་ལ་བརྟེན་ནས་ཆོས་ལུགས་གང་རུང་ལ་དད་པ་བྱེད་པ་དང་།
བཟང་ངན་གྱི་རྒྱུ་མཚན་གང་ཡང་མི་ཤེས་པར་ཡིད་ཆེས་བྱེད་པ་ནི་རྨོངས་དད་ཟེར་བ་ཡིན།
རྨོངས་དད་དེས་རང་གི་འདོད་དོན་གང་ཡང་མི་འགྲུབ་པར་རང་ཉིད་བརླག་སྲིད་པར་མ་ཟད།
ཉིན་ཞིག་ཁ་ཕྱིར་འཁོར་ནས་བལྟས་ཚེ་ཡོད་ཚད་ཕུང་བྱེད་ཀྱི་རྩ་བ་རུ་འགྱུར་སྲིད་པ་མ་ཟད། ནམ་ཞིག་མོངས་དད་ཡིན་པ་རྟོགས་རྗེས་སྔར་སོང་ལ་འགྱོད་སེམས་དང་རང་ཉིད་ལ་འཁང་ར་བྱེད་པ།
ངོ་གནོང་དགོས་པའི་དུས་ཤིག་བསླེབ་སྲིད་པ་ཡིན། དེས་ན་སྤྱི་ནས་གླེང་ན་རྨོངས་དད་ནི་ཅི་ཡང་མི་ཤེས་མཁན་གྱི་བྱ་བ་སྟེ།
ཨུ་ཐུག་ཐབས་ཟད་ཀྱི་བསམ་བློ་གཡམ་རྒྱུག་མཁན་ཏེ་འཇིགས་སུ་རུང་བ་ཞིག་ཡིན།
འོན་ཏེ་སངས་རྒྱས་ཆོས་ལུགས་ལྟ་བུའི་ལྟ་སྒོམ་སྤྱོད་འབྲས་ཕྱིན་ཅི་མ་ལོག་ཅིང་། ཡང་དག་པའི་ཆོས་ལུགས་ཤིག་ལ་རྨོངས་དད་བྱེད་པ་ནི་ལེགས་ཉེས་ཀྱི་ཆ་གཉིས་ལྡན་ཡོད་པ་ཡིན།
ཆོས་གཞུང་རྣམས་སུ། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་ཤིན་ཏུ་རིང་།
།མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན།
།ཞེས་སངས་རྒྱས་ཀྱི་ཆོས་ལ་འཇུག་པའི་ལམ་ག་གཉིས་བསྟན་ཡོད།
གཅིག་ནི་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་བརྒྱུད་དེ། རྣམ་དཔྱོད་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་པ་སྔོན་དུ་བཏང་སྟེ། ཤེས་ནས་དད་པ་བྱས་ན་འབྲས་བུ་ས་ལམ་གྱི་རྟོགས་པ་ཇི་བཞིན་རྒྱུད་ལ་སྐྱེ་ཚུལ་ཞིག་དང་།
ཅིག་ཤོས་ནི་རང་ལ་དེ་འདྲའི་རྣམ་དཔྱོད་མི་ལྡན་པའམ་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་མཐའ་ཆོད་པ་ཞིག་བྱེད་ཐབས་བྲལ་བ་ཡིན་ན།
ནམ་ཡང་འགྱུར་བ་མེད་པའི་རྨོངས་དད་བརྟན་པོ་ཞིག་ཡོད་ན་སྐྱེས་བུ་དེ་ལའང་ས་ལམ་གྱི་རྟོགས་པ་གདོན་མི་ཟ་བར་རྒྱུད་ལ་སྐྱེ་བར་བསྟན་ཡོད་པ་ཡིན།
དེ་མིན་ཟབ་དང་རྒྱ་ཆེ་བའི་ཆོས་གཞུང་ལ་སྦྱང་བ་སྔོན་སོང་མེད།
ཡིད་ཆེས་ཀྱི་དད་པ་བརྟན་པོའང་མེད་པའི་མི་རྣམས་ལ་འབྲས་བུ་ཅི་ཡང་མེད་པར་གསུངས་ཡོད་པས།
སངས་རྒྱས་ཀྱི་ཆོས་ལ་འཇུག་མཁན་གྱི་མི་ཞིག་ལ་མཚོན་ན་རྨོངས་དད་བྱེད་པ་ནི། དེ་འདྲའི་འཇིགས་སུ་རུང་བ་ཞིག་མིན་པར་མ་ཟད།
དབང་རྣོན་མ་ཡིན་པའི་རིགས་ལ་ཆེས་མེད་དུ་མི་རུང་བ་ཞིག་ཡིན་ཞེས་བཤད་ནའང་ཆོག་ཆོག་ཏུ་འདུག
དེས་ན་རྨོངས་དད་བྱེད་པ་ལ་ལེགས་པའི་ཆ་དང་ཉེས་པའི་ཆ་གཉིས་ཡོད་པས། མཐའ་གཅིག་ཏུ་ཕྱོགས་འཛིན་བྱས་ནས་མཇུག་བསྡོམས་རྒྱག་རྐྱང་ཞིག་མིན་པས་གནས་ལུགས་འདི་ཡང་རྟོགས་དགོས་པའི་རྒྱུན་ཤེས་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་ཡིན།
ཡོང་ཁུངས།
ཆུ་ཚང་རིག་གནས་སྤྲོ་འཛོམས་ཁང་གི་འཕྲིན་སྟེགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།