རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 21 December 2020

ཨ་ཅེ་མཚོ་བྱུང་མ།

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།
ན་མོ་ཌཱ་ཀི་ས་ར་སྭ་ཏི་ཡེ།
བརྟན་གཡོའི་སྒྲ་དབྱངས་རྒྱ་མཚོའི་ཉིང་ཁུ་རྣམས།།
གཅིག་འདུས་མཚན་དཔེ་ལང་ཚོའི་དཔལ་འབར་བ།
མཛེས་པ་མཛེས་པའི་མཐར་ཐུག་དབྱངས་ཅན་མ།།
ཁོ་བོའི་མགྲིན་པའི་རྒྱན་དུ་རོལ་ཅིག་ཀྱེ།།

ཀུ་མུད་མདངས་འཛིན་ཞལ་གྱི་དཀྱིལ་འཁོར་ནས།།
བུང་བ་གཡོ་འདྲའི་ཟུར་མིག་འཁྱུག་ཐེངས་རེས།།
ཆགས་ལྡན་སྐྱེ་བོ་སྦྲིད་པ་ཨ་ཅང་ཅང་།། 
འཇིག་རྟེན་དབང་ཕྱུག་སྤྱན་ཡང་ཟུམ་ཞེས་གྲགས།
འཇམ་མཉེན་འདེགས་འཇོག་ཡང་བའི་སོར་མོའི་རྩེར།།
སྲིད་དང་ཞི་བའི་སྙན་པ་ཀུན་འཁྱིལ་བའི།།
བསྟོད་པ་གླུ་རུ་ལེན་པའི་ཏམྦུ་རས།། 
འཇམ་དཔལ་གཞོན་ནུའི་རལ་གྲི་ཐང་ལ་ལྷུང་།། 

སྨད་གཡོགས་ཐུང་བས་ལྟེ་བ་མ་ཁེབས་ཤིང་།།
སྟོད་གཡོགས་སྲབ་པས་སྨྱོས་བུམ་མ་བསྒྲིབས་སྟེང་།།
ད་དུང་མིག་འཁྲུལ་ལྟ་བུའི་གར་སྟབས་དེས།།
གསང་བའི་བདག་པོའི་ངོ་ལའང་འཛུམ་ཤ་བཏོད།།
རྒྱ་སྐྱེགས་ཁུ་བ་བྱུགས་པའི་ཕྱག་ཞབས་རྣམས།།
ཁོ་བོའི་མལ་ཁུང་ནང་ལ་མ་རྐྱོང་དང་།།
དགའ་བཞིའི་བདེ་བ་མ་བཟོད་འཁུན་སྒྲ་དེས།།
སྨྲ་བའི་སེང་གེ་གཉིད་ལས་དཀྲོག་པར་དོགས།།

གང་ཞིག་ཁྱོད་ཞབས་བསྟེན་པའི་སྐྱེས་བུ་ལ།།
ནོར་རྒྱུན་ལྷ་མོས་མཛོད་ཁང་སྒོ་གཏན་ཞིང་།།
སྨན་གྱི་ལྷ་མོས་སྙིང་རླུང་སློང་བ་སོགས།།
རིགས་མཐུན་ཐམས་ཅད་མིག་སེར་ལང་ཞེས་གྲགས།།
བདག་ཀྱང་འདི་ནས་བྱང་ཆུབ་མ་ཐོབ་བར།།
ཁྱོད་ཞབས་བསྙེན་ནོ་ཨ་ཅེ་མཚོ་བྱུང་མ།།
མགྲིན་པའི་འཁོར་ལོའི་རྩ་མདུད་ཞིག་པ་དང་།།
ལག་པའི་སོར་མོའི་རྒྱུས་པ་ལྷོད་པར་མཛོད།།

༢༠༢༠།༡༢།༢༡ བཟང་པོ་བཅུ་འཛོམས་ཉིན།

ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།