སློབ་སྤྲུལ་འཆི་མེད་ཚེ་དབང་དོལ་པོ།
དེང་སང་ཨ་མདོའི་ཕྱོགས་ན་ཚེག་ཁྱིམ་གསུམ་ཅན་གྱི་མིང་ཧ་ཅང་མང་སྟེ། བུ་ལ་དོན་གྲུབ་རྒྱལ། སྨན་བླ་སྐྱབས། པདྨ་འབུམ་དང། བུ་མོ་ལ་ཀླུ་མོ་མཚོ། ལྷ་ལུང་མཚོ། བསོད་ནམས་སྐྱིད་ལྟ་བུའོ། །མིང་འདི་དག་ཨ་མདོ་ཕྱོགས་དང་ཁམས་ཀྱི་མཐའ་མཚམས་ས་ཆ་འགར་མ་གཏོགས། དེང་སང་དབུས་གཙང་གཉིས་དང་། མངའ་རིས། དེ་བཞིན་ཧི་མ་ལ་ཡའི་རི་གསེང་དུ་འཚོ་བའི་བོད་རིགས་རྣམས་ཀྱིས་འདོགས་སྲོལ་མེད་སྟབས། མང་པོ་ཞིག་གིས་མིང་འདོགས་སྟངས་འདི་ཨ་མདོའི་ཐུན་མིན་སྲོལ་རྒྱུན་ཞིག་ཡིན་པར་སེམས་ཀྱི་ཡོད། ཡིན་ནའང་རང་རེའི་ལོ་རྒྱུས་ཡིག་ཚང་ཁག་བསྔོགས་ན། དབུས་གཙང་དང་མངའ་རིས་སོགས་སུའང་ཚེག་ཁྱིམ་གསུམ་ཅན་གྱི་མིང་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། དཔེར་ན་བཙན་པོའི་རྒྱལ་རབས་སྐབས་ཆོས་རྒྱལ་སྲོང་བཙན་གྱི་སྐུ་མཆེད་སྲས་མོ་སད་མ་ཀར་དང་། བཙུན་མོ་ཞང་ཞུང་བཟའ་ལི་ཐིག་སྨན། ཁྲི་སྲོང་གི་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང་། སྲས་མོ་པདྨ་གསལ། ཤེལ་དཀར་རྡོ་རྗེ་མཚོ་སོགས་ནི་རང་རེ་ལ་ཡོངས་སུ་གྲགས།
