དེ་ཡང་མཚན་བྱང་ཞེས་པ་འདི་ནི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཚེ་འདས་རྣམ་ཤེས་དེ༔
རིགས་དྲུག་གང་ན་ཡོད་པའི་ས་དེ་ན༔ བདག་གི་འོད་ཀྱིས་རེག་མ་ཐག་ཏུ་ནི༔
རྣམ་ཤེས་ནྲྀཿདེ་ཨཱཿདཀར་གཅིག་ཏུ་གྱུར༔ མདུན་དུ་བཀུག་ནས་མཚན་བྱང་རྟེན་ལ་བསྟིམ༔ ཞེས་གསུངས་པ་ལྟར་ཚེ་འདས་བར་སྲིད་དང་རིགས་དྲུག་སོ་སོས་གནས་ནས་དཀོན་མཆོག་གི་བདེན་སྟོབས་དང་།
རྣལ་འབྱོར་བའི་ཏིང་ངེ་འཛིན་སོགས་ཀྱི་མཐུས། དང་པོ་ཚེ་འདས་དེ་གཤེད་མ་དང་བྲལ་བ།
གཉིས་པ་བར་སྲིད་དང་རིགས་དྲུག་གི་གནས་ནས་བཀུག གསུམ་པ་རྟེན་ལ་བསྟིམ་པ།
བཞི་པ་སྒྲིབ་སྦྱོང་དུག་ཁྲུས་བྱ་བ། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ་དང་།
དྲུག་པ་དཀྱིལ་འཁོར་དུ་འཇུག་པ། བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ།
བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། དགུ་པ་ནད་དང་སྒྲིབ་པ་སྦྱོང་བ།
བཅུ་པ་ལམ་བསྟན་པ་དང་གནས་སྤར་བ་སོགས་ཚེ་འདས་ལ་ཕན་པའི་ཐབས་ཚུལ་བླ་ན་མེད་པའི་ཆོ་ག་རྒྱུད་སྡེ་དང་སྒྲུབ་སྡེ་དག་ན་མང་དུ་ཡོད་པའི་ཡ་ཀྱལ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་གའི་སྒོ་ནས་ཚུལ་བཞིན་དུ་ལག་ལེན་བྱེད་འདོད་ན་ཐོག་མར་མེད་དུ་མི་རུང་བ་ནི་རྣམ་ཤེས་ཀྱི་རྟེན་མཚན་བྱང་འདི་ཡིན།
སྤྱིར་མཚན་བྱང་འབྲི་ཐབས་དེ་ལའང་བཀའ་གཏེར་དུ་མ་ལས་བྱང་བའི་མི་འདྲ་བ་མང་དུ་མཆིས་ནའང་།
འདིར་གཏེར་ཆེན་ཀརྨ་གླིང་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལྟར་བྲིས་པ་ཡིན།
