རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 17 March 2021

སྔོན་གླེང་མགོ་རས་སེར་པོ།

(འབྲི་རུ་དྲི་མེད་རྒྱལ་མཚན་ནམ་སྟག་རྒོད་ཀྱིས་བརྩམས་པའི་སྙན་རྩོམ་ཕྱོགས་བསྒྲིགས་«བརྩེ་དུང་གི་བསླུ་བྲིད།»ཅེས་པའི་འགོ་བརྗོད་དུ་གླེང་བ།)

འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།


ཀློག་པ་པོ་ལགས། རྣ་བ་ཨེན་ཙམ་གཏོད་ལ། རིག་པ་ཕྲན་ཙམ་གྲིམས་ཏེ། འདི་རུ་ཡུད་ཙམ་གསོན་དང་། ངས་སྐལ་མེད་སར་སྐེ་བསྲིངས་ནས། ཤི་མ་མྱོང་དམྱལ་བའི་ལོ་རྒྱུས་དང་། རྒས་མ་མྱོང་ཕ་ཚེ་བུ་རབས་ཟེར་བའི་དཔེ་ལྟར་རང་ལ་མྱོང་བ་མེད་རུང་དགོས་དམིགས་ཤིག་གིས་ད་ལམ་འདིར་བརྩེ་དུང་གི་སྐོར་ལ་ཅུང་ཟད་མོལ་བར་འདོད།

    སྐྱེས་པ་ཚོ། ཁྱེད་རང་ཕོ་གསར་ཡིན་དུས་མོ་གཞོན་དག་གི་ཞྭ་མོ་འཕྲོག་མྱོང་ངམ། སྐེ་དཀྲིས་སྦེད་མྱོང་ངམ། ངོ་ལྟ་འབའ་རུ་འཐོབ་མྱོང་ངམ། ཚིགས་ཁེབས་གཏའ་མར་འབྱོར་མྱོང་ངམ། དགའ་རྡོ་འཕེན་མྱོང་ངམ། མིག་བརྡ་རྒྱག་མྱོང་ངམ།

     སྐྱེས་མ་ཚོ། ཁྱེད་རང་ལང་ཚོ་དར་ལ་འབབ་དུས་ཕོ་གཞོན་ཚོས་དུང་དང་སྤོས་ཤེལ། གསེར་དངུལ་གྱི་རྣ་ལོང་།  གཟི་བྱུར་གྱི་འཆིང་འདོགས། མཛུབ་དཀྲིས་ཀྱི་སོར་གདུབ། བ་ལག་དང་ཀོ་མོ། སྐེད་རགས་དང་ཁུག་མ་སོགས་གཏད་མྱོང་ངམ། 

      དེ་ལྟར་ཅི་ཡང་བྱུང་མྱོང་མེད་ན། “མགོ་རས་སེར་པོ་”ཞེས་པའི་ཁ་བྱང་དེས་ཁྱེད་ལ་ཚོར་སྣང་དམིགས་བསལ་གང་ཡང་མི་སྟེར་ཡང་སྲིད། འོན་ཏེ་དེ་ལྟར་བྱུང་མྱོང་ཡོད་ཚེ། ཁྱེད་ཀྱི་མཐོང་སྣང་ལའང་མགོ་རས་སེར་པོ་ནི། རས་ཡུག་ཙམ་མིན་པར་སེམས་དང་སེམས་པ་སྦྲེལ་བའི་རྒྱ་མདུད་དང་། མཛའ་འབྲེལ་ངེས་བརྟན་བཟོས་པའི་དམ་ཕྲུག  བརྩེ་དགའི་གོམ་པ་ཐོག་མའི་འདེགས་འཇོག་སོགས་ཅི་རིགས་ཤིག་ཡིན་ངེས།

 རྒྱུ་མཚན་ནི། “དགའ་རྟགས་”སམ་“སེམས་རྟེན།” “འཚམས་རྟགས་”སམ་“དྲན་རྟེན་”ཞེས་པ་དེ་དག་ནི། སྟེར་མཁན་གྱིས་ཅི་དགར་སྤྲད་པ་དང་ལེན་མཁན་གྱིས་གང་འདོད་དུ་བླངས་པའི་དོན་མེད་ཅིག་ག་ལ་ཡིན་ཏེ། འདི་ནི་འཇིག་རྟེན་མཐུན་འཇུག་གི་དམིགས་ཡུལ་བཟུང་ནས། མི་ཚེའི་སྐྱིད་མཐའ་འཁྱོལ་བའི་ཚེ་རོགས་འདེམ་པའི་ཆོ་གའི་ཕྱག་ལེན་ཐོག་མ་དེ་མ་ཡིན་ནམ། འདི་ན་ཕྱོགས་ཕན་ཚུན་དབར་སེམས་པ་ཤོར་བའི་དགའ་ཞེན་གྱི་སྣེ་ལ་འཆར་གཞི་དང་ཡིད་ཆེས་ཀྱིས་བརྒྱན་སྟབས། ཇི་འདྲའི་སྙིང་ལ་སིམ་པའི་མཛེས་སྡུག་ཅིག་མ་ལགས་སམ།

    དེ་ལྟར་ནའང་ཡོད་ཚད་དེ་འདྲ་བའི་བསོད་ནམས་ཅན་ཞིག་ག་ལ་ཡིན་ཏེ། མི་ཚེ་ནི་ལས་ཀྱི་སྐོས་ཐང་ལྟར་འགྲོ་བ་ལས། འདོད་པས་བཙལ་ཡང་འདོད་ཐོག་ཏུ་འབབ་པར་དཀོན་པས།  འདིར་སྟག་རྒོད་ཀྱིས་ཀྱང་སེམས་སོང་སྙིང་སྡུག་དག་ལ་གཏན་གྲོགས་སུ་འོས་པར་མཛའ་འབྲེལ་ཁད་ཀྱིས་བསྐྱངས་དང་སྐྱོང་བའི་དུས་རིམ་ནང་དགའ་ཞིང་དགོད་པའི་ཉི་མ་ཤར་ལ། ངུས་ཤིང་མནར་བའི་མཚན་ཡང་རུབ་པས། འདིར་ཟོལ་ཟོག་སྒྱུ་གཡོས་བྲིད་ཅིང་མཛའ་བརྩེར་བརྫུས་པའི་སེམས་ཤོར་བུ་མོ་དག་ལ་འཁངས་པའི་«བརྩེ་དུང་གི་བསླུ་བྲིད་»ཅེས་པ་འདི་ཉིད་ང་ཚོའི་སྤྱན་སྔར་བསྟར་བ་ལས་ཀྱང་ཁུམས།

    སྟག་རྒོད་ཀྱི་སེམས་ཀྱི་གཏིང་རུམ་ན་བརྩེ་དུང་གི་ས་བོན་ནི་མྱུ་གུ་འབུས་པས་མ་ཚད། ཡལ་འདབ་ཀྱང་གློ་སྙིང་བྲང་གསུམ་དུ་མཆེད་དེ། འབྲས་བུའང་སེམས་ཁ་ནས་ཞལ་ཁའི་བར་ཁ་ཞེ་མེད་པར་སྨིན་པས། ཤིང་འབྲས་ཐོར་བུ་དེ་དག་ལོངས་སུ་རོལ་བའི་སེམས་ཤོར་མཛའ་མོའང་ཆིག་རྗེས་ཉིས་འབྲངས་ཀྱིས་ལྷགས། འོན་ཀྱང་སྔ་ཤུལ་ཕྱི་མས་བཟུང་བའི་བརྒྱུད་རིམ་ནང་སྐབས་རེར་བོང་བུས་གཡུགས་ནས་རྟ་ཕོའི་སྒང་ལ་འཁྱོལ་བར་སྲིད་མོད་ཀྱང་། འདི་ནས་ལན་ཁག་ཡོད་ཚད་སྔར་འཕྲད་ཕྱིས་འབྱུང་གི་དགའ་སའི་སྨན་ཆུང་དེ་དག་གཅིག་པུ་ལའང་འགེལ་བར་མི་རིགས་སྙམ། 

    དེ་ལྟར་ནའང་མཛའ་མོ་རེ་འབྲལ་ཐེངས་རེར། སྙིང་ན་མཆིས་པའི་སེམས་སྡུག་ཡོད་ཚད་གྱེས་སོ་དེ་རང་ལ་ཀླད་པའི་སྦུབས་ངོར་སྒྱུ་རྩལ་དུ་སྦྲུམ་སྟེ་སྙན་ངག་ཅིག་འབྲི་ཐུབ་ཚེ། ད་གཟོད་ཁོས་རང་གི་ལུས་སེམས་ལ་ངལ་གསོའི་བདེ་བ་སྟེར་ནུས་པས། རྩོམ་རིག་དེ་དག་ནི་སྟག་རྒོད་ཀྱི་མཛའ་བརྩེའི་གཏམ་རྒྱུད་མཚོན་པའི་རོལ་མོའི་ཟློས་གར་སྣ་ཚོགས་ཤིག་ཡིན་སྟབས། «བརྩེ་དུང་གི་བསླུ་བྲིད་»འདི་ལས་སྒྲ་སྙན་མང་པོའི་རྒྱུད་སྐུད་ཆད་པའི་ཝང་སྒྲ་གོ་ལ། རྒྱུད་སྐུད་ཕྲ་མོས་མཛུབ་མོ་རྨས་པའི་མནར་སྐད་ཀྱང་ཐོས། འོན་ཀྱང་ཁོས་རྒྱུད་མངས་དཀྲོལ་མཚམས་བཞག་པའི་གཏམ་རྒྱུད་ཅིག་ལར་ནས་བྲལ།


     ལྷག་པར་འདི་ན་སྣང་བ་འདྲེན་པའི་«རྒྱ་ཤོད་བུ་མོ་»སོགས། རང་ཡུལ་གྱི་«གཞིས་གྲོང་ཕལ་པའི་བུ་མོ་»དག་ལ་བརྩེ་བ་གླེང་མ་ཕོད་པའི་ཚེགས་ངལ་མྱངས་ཚུལ་དང་། གཞན་ཡང་“དྲ་ཚོམས་ཤིག་ནས་བགྲོ་གླེང་བྱས་”པས་གཅུགས་པར་སྨྲ་བའི་གཏམ་གྱིས། “རིམ་བཞིན་སྒེར་འབྲེལ་དངོས་སུ་ཚུགས་”པའི་«ཐུག་འཕྲད་མེད་པའི་བུ་མོ་»ལའང་རང་སེམས་ཤོར་ཚུལ་དང། ཐ་ན་གཟུགས་མེད་ཀྱི་སེམས་པ་རྐུ་བའི་«མེ་འཁོར་འབབ་ཚུགས་ཀྱི་བུ་མོ་»སོགས་ཇི་སྙེད་ཅིག་ཀྱང་། བརྗོད་བྱའི་ནང་དོན་གྱིས་ཁོག་ཀྱང་ཕུབ་པ་ནི་དངོས་བྱུང་གི་མཛེས་རྩལ་ཁོ་ནར་སྣང་།

  གཞན་དུ་ན་ལན་རེར་ཆུང་འདྲིས་རོགས་ལོར་འགྲས་པའི་«གློ་བུར་བའི་ཡི་ཆད་»ཀྱི་སེམས་ངལ་སེལ་བ་ལ་སྐྱོ་བསང་མ་ཐུབ་པའི་གཞན་རྡུགས་ཀྱིས། «ཡང་བསྐྱར་འབྲེལ་བ་མི་བྱེད་»ཅེས་པའི་ཐ་ཚིག་བཀོད་དེ་སྐྱོ་ཤས་དང་«ངེས་འབྱུང་སྐྱེས་པ་»ཡང་སྣང་ལ། སྐབས་རེར་«དྲན་གདུང་»གིས་མཚན་གང་གཉིད་ཡུར་བརྒྱབ་སྟེ་ཁེར་སྣང་ངང་“མཚན་མོ་འདི་ལ་ཁ་དང་རྣ་ཡོད་ན་ང་ལ་གླེང་མོལ་བྱས་ན་མི་ཆོག་གམ་”ཟེར་ནས་ཆིག་ལབ་འཆོར་ཞིང་། མཚམས་རེར་གཉིད་ཐུན་སྲབ་ཙམ་ཡུར་འཕྲལ་«གློ་རྒྱག་གཉིད་སད་པ་»སོགས་ཧར་སད་ཀྱིས་འདྲོགས་ཏེ་གཉིད་ཆག་ཟས་བརྗེད་ཀྱིས་དུས་ཀྱང་བསྐྱལ་བ་མང་།

    གང་ལྟར་བརྩེ་དུང་གི་ཆེད་དུ་ཅིའང་ཕོད་པར་རློམ་པའི་སྟག་ཤར་འདིས། “སྙིང་སྡུག་ཕྱི་མར་ཁྲིད་”པའི་སྡུག་བསྔལ་རྣམས་མ་ཐེག་ནས། «དུར་བྱང་འོག་གི་ཁྱོད་རང་»སྒུགས་དང་“ང་རང་བསླེབ་ཡོང་ཟེར་བའི་ཕོ་ཉ་མངགས་”ཏེ། «བརྩེ་གདུང་གི་དམྱལ་ཁམས་འགྲིམས་པ་»ལ་སྟ་གོན་ཨང་གསར་ཡང་བྱེད་མྱོང་ཞིང་། གསོན་འབྲལ་གྱི་ངོ་ཚ་ཉོ་བར་བྲེད་ཅིང་དངངས་ཏེ་«ཚེ་རོགས་ལ་བཞག་པའི་འཆི་ཁའི་ཁ་ཆེམས་»ནང་། རང་ཉིད་ལྕེབ་རྒྱུ་ཡིན་པའི་ཉེན་བརྡའང་བསྐུལ་འདུག་པས། སྙན་དེབ་འདི་ནི་དགའ་རོགས་འདྲ་མིན་ལས་མཛའ་བརྩེ་སྣ་མང་གི་བརྒྱུད་རིམ་ཁྲོད་སྤྲོ་སྡུག་མངར་སྐྱུར་ཅི་མྱངས་གསོན་བྲིས་བྱས་པའི་སྒྲུང་ཐུང་སྣ་ཚོགས་རིམ་པར་བསྟར་བ་ཞིག་ཀྱང་ཅི་ལ་མིན།

      མ་གཞི་མི་ཚེ་དེ་བདེ་སྐྱིད་ངང་རོལ་ཐབས་ལ་མི་ཚེའི་འགྲུལ་བཞུད་དང་མདུན་ལམ། ཁ་ཕྱོགས་དང་དམིགས་ཡུལ་གང་ལས་ཀྱང་འགངས་ཆེ་བ་ཞིག་ནི། འགྲུལ་རོགས་ཀྱི་གཏན་གྲོགས་ལེགས་མིན་དེ་གལ་ཆེ་བས། འབྱིད་ཅིང་འཁྱོལ་བའི་མི་ཚེ་འདིར་བགད་ན་གད་མོ་དགོད་རོགས་དང་། ངུས་ན་མཆི་མ་འབྱིད་རོགས་དེ་བཟང་པོ་དང་མཐུན་པོ་ཞིག་ངེས་པར་དུ་འདེམ་ཤེས་དགོས། དེ་འདྲ་ནི་རྙེད་དུ་མེད་པ་རང་མིན་ཏེ། བསྒྲུབས་ནས་ལྷ་ཞལ་ཡང་ཁུམ་ན་ཚེ་རོགས་ཤིག་ནི་ལྟ་ཅི་སྨོས། འོན་ཀྱང་མང་པོ་ཞིག་ལ་ཞན་ཆ་ཞིག་ཡོད་པ་ནི་གཞན་ལ་ཡིད་ཆེས་བློ་འགེལ་མི་ཐུབ་པ་དེ་ཡིན། ད་དུང་འགའ་ཞིག་གིས་བུད་མེད་ཀྱི་སེམས་ནི་ཤེས་པར་དཀའ་ཞེས་ལན་ཁག་དཀྲི་མོད་ཀྱང་། བརྩེ་དུང་གིས་བུད་མེད་ཀྱི་སེམས་སྒོ་འབྱེད་པར་ནུས་པའང་མ་ཤེས་པས་ཕངས། དེས་ན་བྱ་བློ་ཤིང་ལ་འགེལ་བ་བཞིན་མི་བློ་མི་ལ་ལིངས་ཀྱིས་བཀལ་ན། རང་སེམས་གཏིང་ནས་དགའ་སའི་སྡུག་གུ་མ་ཞིག་གཏན་གྱི་མཛའ་གྲོགས་སུ་མི་འབྱོར་བ་ནི་མི་སྲིད་པས། རང་ངོས་ནས་ཀྱང་ཤི་ཡང་སྙིང་རྩ་མི་སྐམ་པའི་བློ་གཏད་ཀྱིས་ཡིད་བརྟན་འཕེར་དགོས་པ་ཡིན།

    བརྩེ་དུང་ཡང་དག་གི་མཇུག་འབྲས་ནི། གཏན་དུ་བདེ་སྐྱིད་ཡིན་པར་བརྗོད་འདོད་ཆེ་མོད་ཀྱང་། དོན་དངོས་སུ་དེ་ལྟར་མི་སྣང་བས་བློ་ཕམ་རང་དུ་གྱུར་ཞིང་། བརྩེ་དུང་གིས་ཕམ་ཁ་བཏང་བའི་ལྷད་མེད་དྭངས་གཙང་གི་མཛའ་གྲོགས་མོ་ཕོ་དག་ལ་སེམས་ཚོར་ཆེན་པོས་གདུང་སེམས་སྐྱེ་བས། འདི་ནས་སེམས་སྡུག་གསོ་བའི་སྐད་ཅིག་བསྐུར་བར་འདོད་པ་ནི། ཡོད་ཚད་ཀྱི་ཐོག་ལ་ཡག་པོ་ཆགས་པའི་ཐོབ་ཐང་དེ་འཇིག་རྟེན་འདིར་སུ་ལའང་མི་འདུག་པས། རང་སེམས་རང་གིས་བཅུན་ཏེ་གདམ་ཀ་གསར་པ་ཞིག་དང་ཉི་མ་གསར་པ་ཞིག་ལ་རེ་སྒུག་བྱས་ན་སྔར་ལས་དྲག་པ་དང་ལེགས་པའི་སྟབས་ཀྱང་འགྲིག་སྲིད་པར་འདོད།

   འོན་ཀྱང་དེང་སྐབས་མང་པོ་ཞིག་ནི་ཉི་ཤུ་དགུ་ལ་ཐུག གནམ་གང་ལ་ཐུགས་དམ་བསྐང་། ཚེས་གཅིག་ལ་སོ་སོའི་ལམ་གསར་འདེམས་པར་བྱེད་པས། དེ་ནི་བརྩེ་དུང་ཞིག་ག་ལ་ཡིན་ཏེ། འགྲོང་གིས་འགྲོང་ལ་སྦྱོར་བའི་འགབ་མིན་གྱི་བདེ་བ་མྱོང་བ་ཙམ་ཞིག་བརྩེ་དུང་དང་གོལ་ཡང་མི་རུང་། བརྩེ་དུང་ནི་སེམས་ཀྱི་ཟབ་སར་གནས་པའི་ཆེས་དམ་པར་འཕགས་པའི་དགའ་ཞེན་དྭངས་མ་ཞིག་སྟེ། བཤད་སྲོལ་ལ་བརྩེ་དུང་གིས་བ་སྤུའི་ཤུན་ལྤགས་ཀྱང་བཤུ་བར་ནུས་ཟེར། དེས་ན་དཀར་པོའི་རྒྱ་ཡུལ་ན་སྐྱེས་རབས་བདུན་གྱི་དམ་བཅའ་ཡང་འཇོག་སྲོལ་མཆིས། འོན་ཀྱང་འཇིག་རྟེན་འདིར་བརྩེ་དུང་རྣལ་མའི་གཞི་ཁུངས་ཕུགས་བཅོལ་ཞུ་བར་འོས་པའི་«བརྩེ་གདུང་གི་གསུང་རབ་»ཅེས་པ་ཞིག མི་རིགས་སུ་དང་ཆོས་ལུགས་གང་ལའང་མེད་པ་དེ་ནི་ཤིན་ཏུ་ཕངས་པའི་གནས་སུ་འདུག

     ལར་འཛམ་གླིང་འདིར་གནས་བབས་འདྲ་མིན་ལ་བརྟེན་ནས། ད་དུང་ཡང་བརྩེ་དུང་གི་སྐལ་པ་ཤིན་ཏུ་ཕྲ་བའི་སྐྱེས་མོ་ཕོ་དང་བར་མ་སོགས་མང་དག་ཅིག་གནས་ཏེ། དཔེར་ན། མཚན་མཐུན་སྤྱོད་མཁན་དང་གཉི་གར་དགའ་མཁན། མཚན་གཉིས་པ་ཅན་དང་མཚན་འགྱུར་བ་ཅན། མོ་ལུས་ཕོ་སེམས་ཅན་དང་ཕོ་ལུས་མོ་སེམས་ལྡན་པ་སོགས་མོ་མིན་ཕོ་མིན་སྣ་ཚོགས་སུ་མཆིས་པས། དེ་དག་ཀྱང་རང་ལ་འོས་ཤིང་འཚམ་པའི་བརྩེ་དུང་རྣལ་མ་ཞིག་ལ་བཀྲེས་ཤིང་སྐོམ་པས་མ་ཚད། འགའ་ཞིག་ནི་ལྟོགས་ཆེ་ན་ཁྱིས་སྐྱུག་པར་རེ་བའི་དཔེ་ལྟར་འུ་ཐུག་གི་མཐའ་ལའང་ལྷུང་བར་སྣང།  དེ་རིགས་མང་བའི་ཁོར་ཡུག་དང་སྤྱི་ཚོགས་ཏེ་གོ་ལའི་ཁུགས་སོ་གཞན་དུ་དེ་དག་ནི་ཚབས་ཆེ་བའི་གནད་དོན་དུ་གྱུར་ཡོད་ཀྱང་། རི་བོ་ཧི་མཱ་ལ་ཡའི་བྱང་འདབས་སུ་དཀའ་ངལ་དེ་འདྲ་མེད་སྟབས། དེ་འབྲེལ་གྱི་བརྩེ་དུང་ཞིག་སྲུང་སྐྱོབ་བྱ་མི་དགོས་ཏེ་རང་ཉིད་ལ་རང་ཚོད་ཀྱི་བརྩེ་དུང་ཞིག་འབྱོར་ངེས་པ་ནི་གདེང་ཚོད་ཀྱིས་ཡིད་བརྟན་རུང་བས་སོ།།

     དེ་བས་དང་པོ་དང་རྐྱང་ན་བོད་འདི་བསོད་ནམས་ཆེ། ཕོ་ལས་མོ་རྣམས་ཐོབ་ཐང་ཆེ། བོད་ཁམས་ཀྱང་སྐྱེས་མས་བསྐྱངས་པའི་ལོ་རྒྱུས་རྒྱ་ལ་མཆིས། རྒྱལ་པོའི་མཚན་གནས་ཀྱང་རྒྱལ་ཡུམ་གྱི་མཚན་ལས་གྲས་ཏེ་བཏགས། གཞན་ཡུལ་ཕྱི་གླིང་ན་འཇན་ཕོའི་རུས་མིང་དེ་འཇན་མོའི་མིང་སྣེར་སྦྱོར་བས་གོ་བབ་སུ་ཆེ་དང་ཐོབ་རིམ་སུ་མཐོ་ཤེས། འོན་ཀྱང་ལྷོ་ལྷགས་ངན་པས་རང་རེའི་སྲོལ་བཟང་ས་མཐར་དེད་པས་ས་དམ་ཕྱོགས་སུ་གསོན་ཙམ་བྱུང་། འཇང་ཡུལ་ནི་སྐྱེས་མའི་རྒྱལ་ཁམས་ཀྱི་གྲགས་པ་འབར། མོ་ཕོ་འདྲ་མཉམ་གྱི་ཐོབ་གོ་བོད་ཁམས་སུ་གནའ་ལས་སྡུག་ཀྱང་ཐུ་རྒྱུ་མེད་དེ། དུས་རབས་གསར་པ་འདིས་རེ་བ་གསར་པའི་མདུན་སྣེ་བླངས་ཡོད་པས་སོ།།

     འཇིག་རྟེན་རེ་འགར་ཕྱུགས་ཕྱུང་མ་ཉམས་པ་རྣམས་ཀྱི་བྷ་ག་དོག་པོར་འཚེམ་ཞིང་ནུ་མར་རྡོ་ཚན་དབུར་ཏེ། ན་ཚོད་མ་སྨིན་པའི་དུལ་མ་དེ་དག་རྔ་མོང་རེ་གཉིས་ཀྱིས་གོང་ཚད་གཏམས་ནས་ལ་ཁའི་ཉི་མ་འདྲ་བའི་རྒད་པོའི་ཡང་ཆུན་དུ་རྫོང་། དེ་ནས་ཚེ་གང་ངོ་གདོང་གཏུམ་ཞིང་མཚན་མར་ཟྭ་ལྕགས་ཀྱང་གཏན་པའི་སྲོལ་ངན་མཆིས། ཡུལ་འགར་ཁྱོ་རྒན་ཤི་ཚེ་ནར་མ་སོན་པའི་ཆུང་མ་དག་ཀྱང་ཡུགས་ཤི་རྒྱག་དགོས་པའི་ལུགས་ངན་སྐྱི་བུང་བའང་སྣང་།

   དེ་དག་དང་བསྡུར་ན། བོད་འདིར་མོ་ཕོའི་བརྩེ་དུང་ལ་ཞེ་འགྲས་པའི་ཆོས་ལུགས་ཀྱི་དམ་བསྒྲགས་དང་། རྣམ་རྟོག་གི་བཀག་རྒྱ། ཡུལ་ཁྲིམས་ཀྱི་སྟངས་འཛིན། རྙིང་ཞེན་གྱི་མཁྲེགས་འཛིན་སོགས་བློ་སྦུབས་དོག་པོས་སྡང་ལུགས་དེ་ཙམ་མེད་པས་སྤྱི་ཚོགས་ཀྱི་དགྲ་དང་བྲལ། མཛའ་གྲོགས་འཚོལ་སྐབས་ཀྱང་སྲབ་ཀྱིས་གཅུ་མཁན་མེད་ལ། ལྕག་གིས་བྲབ་མཁན་ཡང་དེ་བས་མེད་པས། གར་འགྲོ་ཅི་འདེམས་ཀྱི་རང་དབང་ཆེ། འཁྲུང་ས་བསྐྱོན་རྗེས་ཀྱང་མགོ་བོ་བསྒུར་ནས་འཚོ་དགོས་མེད་ཅིང་། ངོ་གདོང་སྦས་ནས་བསྡད་དགོས་མེད་དེ། བོས་ན་ལགས་སོ་དང་བཤད་ན་འོ་ཡ་ཟེར་གྱིན་མཛའ་བརྩེས་འཚོ་བར་རུང་། དེས་ན་རང་རེའི་བརྩེ་དུང་གི་རང་དབང་ལ་བར་ཆོད་གཅིག་རང་ཡོང་སྲིད་པ་ནི་མ་ཕ་དང་ཉེ་དུའི་སྤུན་གཉེན་རྣམས་ཡིན་པས། དེ་ནི་ཁ་ཡི་རྨ་དེ་ལྕེ་ཡིས་བཅོས་པ་ལྟར་ནང་ཁུལ་གྱི་བསམ་ཤེས་དང་གྲོས་མོལ་གྱིས་བཟློག་ཏུ་འོས་པ་ཞིག་ལས། འདིའི་གྱོད་སྣེ་རྒྱལ་པོའི་ཁྲིམས་ཁང་དང་། ལམ་སྣེ་སྤྱི་པའི་ལྷ་ཁང་སོགས་ལ་ཐུག་མེད་པ་ནི་མཐོ་སྒང་མགོ་ནག་གི་བསོད་བདེར་ངེས།

       གང་ལྟར་བརྩེ་དུང་གི་རང་དབང་དེའི་མཉམ་པོར་རང་དབང་སྦྲགས་མ་ཞིག་ཀྱང་ཡོད་པ་ནི། བརྩེ་དུང་གི་ཚོར་བ་དང་བརྒྱུད་རིམ་ཡོད་ཚད་ཅི་དགར་འབྲི་ཆོག་པའི་ཐོབ་ཐང་དེ་རེད། སྟག་རྒོད་ཀྱིས་ཀྱང་འདི་ནས་ནུས་སྟོབས་དེ་ཉིད་ཉམས་སུ་བསྟར་ནས། རང་གི་བརྩེ་དུང་གི་རྟོགས་བརྗོད་དེའང་མི་ཤིགས་གཡུང་དྲུང་གི་རྒྱ་རུ་བཏབ་ཡོད། འདི་ནི་རྩོམ་པ་པོ་རྣམས་འཇིག་རྟེན་འདིར་སྐྱེ་བོ་གཞན་ལས་ཀྱང་གནས་ཡུན་རིང་བར་འགྱུར་བའི་རྒྱུ་རྐྱེན་ཞིག་ཡིན། དེས་ན་སྙན་དེབ་འདི་ཉིད་གློག་བརྙན་ཞིག་ཡིན་པའི་དབང་དུ་བཏང་ན། རྩོམ་གཞུང་འདི་ཡི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། རྩོམ་པ་པོ་དང་སྒྲིག་སྦྱོར་པ། གླུ་གཞས་པ་དང་རོལ་དབྱངས་པ་སོགས་བྱེད་པོ་ཐམས་ཅད་རང་ཉིད་གཅིག་པུར་གྱུར་པས། གཞོན་སྐྱེས་སྙན་ངག་པ་སྟག་རྒོད་ཀྱང་རང་གི་རྟོགས་བརྗོད་གསོན་འབྲི་བྱེད་མཁན་སྒྱུ་རྩལ་པ་དག་གི་གྲལ་དུ་ལྷགས། 

       དེས་ན་སྔོན་གླེང་འདི་ཉིད་བྲིས་པས་སྙན་དེབ་འདིའང་ཁ་ཚང་ཆགས་རྒྱུ་ཞིག་དང་། མ་བྲིས་པས་ལྷག་ནས་ཆད་རྒྱུ་ཅི་ཡང་མེད་རུང་། ལས་དོན་འདི་ཉིད་ཀྱི་མཇུག་མ་གྲུབ་བར་དུ་འགོ་གང་ནས་བཙུགས་མིན་ཡང་མ་ཚོར་བར་གྱུར་པ་དེ་ནི། སེམས་མཐུན་གྱི་བརྩེ་དགའ་བ་དག་གིས་མྱངས་པའི་ཚོར་བའི་གཏིང་རུམ་དེ་དག་ནས་སྒྱུ་རྩལ་གྱི་མཛེས་སྡུག་དམྱུགས་ཐུབ་པས་ལོས་ཡིན། དེ་ལྟ་བས་ན་བརྩེ་དུང་འཁྲབ་པའི་བྱས་རྗེས་མེད་ཀྱང་བརྩེ་དུང་གླེང་བའི་མིང་རྗེས་ཕོག་ན། ཕོ་བཟང་གྲགས་ངན་གྲགས་གཡེར་གྲགས་སུ་འདོད་པ་མིན་ཏེ། རྩོམ་རིག་གི་གཏིང་མཐའ་དཔོག་པ་ལ་སྙིང་ཚན་ཆེ་ཞིང་། སྒྱུ་རྩལ་གྱི་སྣ་ཚང་བགྲོ་བ་ལ་ཕོད་པ་ཆེ་བའི་སྤྱི་བརྟོལ་ཅན་ཞིག་ཡིན་པར་རང་གིས་ཀྱང་འདོད།

    འོན་ཏེ་སྐབས་ཐོག་གི་བརྗོད་གཞིར་དངོས་མྱོང་དང་རྒྱུས་མངའི་འདྲིས་པ་གང་ཡང་མེད་རྐྱེན། ཚོར་ངད་རྣོ་ཞིང་རིག་འཕྲུལ་སྐྱེན་པ་སོགས་ལས་གོ་འགྲེལ་ཕྱིན་ཅི་ལོག་པའང་ཐེབས་སྲིད་པས།  གལ་ཏེ་དེ་རིགས་ཟུར་ཙམ་ཤོར་ཚེ་བརྩེ་དུང་གི་ཆེད་ལས་པ་དང་བརྩེ་དུང་རྣལ་མའི་བརྩེ་དགའ་བ་མཐའ་དག་ལ་དགོངས་སེལ་ཞུ་བ་དང་ཆབས་ཅིག མ་འོངས་སླད་ཀྱི་དུས་ན་བརྩེ་དུང་གི་སྟོན་པ་ཞིག་དུས་སུ་འབྱོན་ཞིང་། བརྩེ་དུང་གི་མན་ངག་རྣམས་གནད་དུ་གདམས་ནས། བརྩེ་དུང་གི་གསས་མཁར་དག་ཕྱོགས་མཐར་བཞེངས་ཏེ། གཞོན་རབས་ཀུན་ཀྱང་བརྩེ་ཞིང་དུང་བས་ཐར་པར་དྲང་བའི་སྨོན་ལམ་ཡང་ཕུར་ཚུགས་སུ་འདེབས་པ་ལགས་སོ།།

    ཞེས་པ་འདི་ནི་ནུབ་གླིང་ཡུ་རོབ་དཀྱིལ་མའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་གཞོན་པའི་མིང་གནས་འཛིན་པ་དོལ་པོ་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་དུ་འབོད་པའི་འབུམ་རམས་པ་དེས་མཛའ་གཅུགས་རོལ་ཉམས་ཀྱིས་ཕྱུག་པའི་གནའ་བོའི་གྲོང་ཁྱེར་པཱ་རག་ཅེས་པའི་ཁྲོམ་གཞུང་ལྟེ་བར་བརྩེ་སྣང་དགའ་སེམས་ཀྱིས་ཁྱབ་པའི་ཁོར་ཡུག་ཏུ་ཆགས་པའི་རང་གི་ཞིབ་འཇུག་ལས་ཤག་ནས་སྤེལ་བའོ།། །།༢༠༢༠།༡༢།༠༦ ཉིན།

དེབ་འདི་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་པའི་རྩོམ་པ་པོ་འབྲི་རུ་དྲི་མེད་རྒྱལ་མཚན་ནམ་སྟག་རྒོད་ཀྱིས་བརྩམས་པ་ཞིག་ཡིན་པ་དང་། སྤྱི་ཟླ་ ༠༣ ཚེས་ ༡༥ ཉིན་འགྲེམས་སྤེལ་བྱས་པ་ཞིག་རེད།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།