རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 17 June 2021

གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ། [སྟོད་ཆ།]

༈ དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་དང་པོའི་གྲས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག དགོངས་པ་ཆོས་ཀྱི་དབྱིངས་སུ་གཟིམས་པར་ཚུལ་བསྟན་པའི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ། མགོན་པོ་གང་གི་རྗེས་དྲན་དུ་ཕུལ་བའི་སྙན་ངག་འགའ་ཆེད་སྒྲིགས་ཞུས་པ། གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ།

༡༽ རྗེས་དྲན་གནས་ལུགས་ངོ་སྤྲོད་མི་བརྟན་སྒྱུ་མའི་ཟློས་གར་བྱའོ།།
སློབ་དཔོན་ཀརྨ་དབང་རྒྱལ། ཧྥ་རན་སི།


ཀྱེ་མ་ཀྱེ་ཧུད་རྗེ་བཙུན་པདྨ་མཁྱེན།།
སྙིགས་ལྔའི་རླུང་འཚུབ་ཆེ་ཆེར་ལྷགས་འགྱུར་ཞིང་།།
བསྟན་པའི་སྒྲོན་མེ་རབ་དང་རིམ་པ་འདས།།
ཉམ་ཆུང་འགྲོ་བ་སྐྱབས་མེད་མགོན་མེད་ལུས།།

ཆོས་རྣམས་མི་རྟག་སྒྱུ་མར་ཤེས་ན་ཡང་།།
ནམ་འཆི་ཆ་མེད་ཡིན་པ་དྲན་མ་ཐུབ།།
འཆི་རྐྱེན་ངེས་མེད་ཡིན་པར་དོན་མ་རྟོགས།།
གློ་བུར་ཐོག་ཏུ་བབས་ཚེ་སྐྱོ་བས་མནར།།

བི་མའི་རྣམ་སྤྲུལ་པདྨ་ནོར་བུ་ཡི།།
ཐུགས་ཀྱི་རྒྱལ་ཚབ་མཁན་ཆེན་ནུབ་རི་བ།།
བཤད་སྒྲུབ་མཛད་པའི་འོད་སྟོང་འཕྲོ་བའི་མོད།།
གཟུགས་སྐུའི་བཀོད་པ་བསྡུས་པས་ཀྱེ་མ་ཧུད།།

ཉི་ཟླའི་འོད་ལ་སྤྲིན་ནག་འདྲེས་པ་མེད།།
དམ་པའི་གཤིས་ལ་སྡུག་བསྔལ་གནས་མིན་ཡང་།།
ཤུལ་ལུས་འགྲོ་རྣམས་སྐྱབས་མེད་འགྱུར་བའི་ཕྱིར།།
མཁན་ཆེན་དམ་པ་སྙིང་རྗེ་ཆུང་ལགས་སམ།།

དགེ་འདུན་སློབ་ཕྲུག་བརྒྱ་ཕྲག་དགུ་ལྷག་གི།།
མ་འོངས་མདུན་ལམ་མཁན་ཆེན་ཁྱེད་ལ་རྟེན།།
དྭ་ཕྲུག་སྤྲང་ཕྲུག་བརྒྱ་ཕྲག་མང་པོ་ཡི།།
ཤེས་ཡོན་ལྟོ་གོས་མཁན་ཆེན་ཁྱེད་ལ་རྟེན།།

དད་ལྡན་སློབ་འབངས་ཁྲི་ཚོ་འགའ་ཞིག་གི།།
སྤང་བླང་སློབ་གསོ་མཁན་ཆེན་ཁྱེད་ལ་རྟེན།།
རྒྱལ་བསྟན་སྤྱི་དང་གསང་ཆེན་སྔ་འགྱུར་བའི།།
དབང་ལུང་མན་ངག་རྒྱ་མཚོ་ཁྱེད་ལ་རྟེན།།

ལུང་རྟོགས་བསྟན་པའི་སྒྲོན་མེ་ཁྱེད་ལ་མངའ།།
སྡོམ་གཙང་བསྟན་པའི་རྩ་བ་ཁྱེད་ཀྱིས་བཟུང་།།
བཤད་སྒྲུབ་ལས་ཀྱི་འཁོར་ལོ་ཁྱེད་ཀྱིས་བསྐོར།།
གློ་བུར་གཤེགས་དོན་ཐུགས་རྗེ་ཆུང་ལགས་སམ།།

སྐྱེ་རྒ་ན་འཆི་འཁོར་བའི་ཆོས་ཉིད་ལ།།
ཀུན་ཀྱང་གཡོལ་བའི་དུས་ཞིག་མ་མཆིས་ཀྱང་།།
མགོན་པོ་ཁྱེད་ཉིད་བསྟན་འགྲོའི་ཁུར་ཁྱེར་བཞིན།།
གློ་བུར་དོར་བ་རྒྱུ་འབྲས་ཅི་ཡིས་བསླུས།།

སྐུ་སྐྱེ་བཞེས་ནས་མྱང་ངན་མ་འདས་བར།།
དགེ་སྡིག་དཀར་ནག་མ་འདྲེས་ལེགས་པར་བསྲུངས།།
ཐོས་བསམ་སྒོམ་པའི་མཛད་བཟང་མཁའ་ལ་ཁྱབ།།
བསྟན་འགྲོའི་ཁུར་ཆེན་དོར་བ་སྔ་ལགས་སོ།།

མཁན་ཆེན་དམ་པ་མྱང་ངན་འདས་པ་ཡིས།།
ཐ་མལ་ངའི་སྙིང་ལའང་གྲང་ཤུར་རྒྱབ།།
ཁྱེད་ཀྱིས་ཐུགས་རྗེས་ཡེ་ཤེས་བླ་མ་ཐོབ།།
ལྟོ་གོས་ཆོས་ཀྱི་བཀའ་དྲིན་བསམ་མི་ཁྱབ།།

གང་སྐུ་ལྷམ་མེར་བརྟན་པའི་རྟག་འཛིན་དང་།།
གསུང་གི་བདུད་རྩི་མྱོང་འདོད་འདུན་བསུ་ཡིས།།
ངེས་མེད་འཁོར་བའི་གནས་ལུགས་མ་རྟོགས་པ།།
ཐ་མའི་མཛད་པ་འདི་ཡིས་གོ་བར་མཛད།།

མགོན་ཁྱེད་རིག་སྟོང་ཆོས་སྐུའི་མཁའ་དབྱིངས་ནས།།
སྙིང་རྗེ་ཆེན་པོས་ཆུ་འཛིན་རབ་འཁྲིགས་ཤིང་།།
གང་འདུལ་སྒྱུ་འཕྲུལ་སྦྲང་ཆར་སིལ་མའི་སྐུ།།
བསླུ་མེད་རྟེན་འབྱུང་དབང་གིས་ངེས་པར་ཕོབས།།

རང་དོན་ཀ་དག་ཆོས་སྐུ་མངོན་འགྱུར་ཡང་།།
གཞན་དོན་ལོངས་སྐུའི་སྒྱུ་འཕྲུལ་ཅིར་ཡང་ངོམ།།
ཇི་ཙམ་སྙིགས་ལྔའི་མུན་པ་འཁྲིགས་འགྱུར་ན།།
དེ་ཙམ་སྤྲུལ་པའི་ཉི་ཟླ་འོད་མདངས་ཆེ།།

སེམས་ཉིད་བདེ་བཤེགས་སྙིང་པོའི་ཆོས་ཉིད་ངང་།།
དཔལ་ལྡན་བླ་མའི་ཐུགས་དང་དབྱེར་མེད་ཀྱིས།།
གནས་ལུགས་གོ་བའི་ངང་ནས་འུབ་ཆུབ་པས།།
གློ་བུར་འདུ་འབྲལ་རྨི་ལམ་ཡལ་ནས་ཐལ།།

པདྨས་ཞབས་བཅག་སྦས་ཡུལ་སྐྱིད་མོ་ལུང་།།
གསང་ཆེན་མན་ངག་དཀྱིལ་འཁོར་གཅིག་གི་ནང་།།
མཉམ་པོར་བཞེས་མཁན་མཁན་ཆེན་དམ་པ་ཁྱེད།།
དབྱེར་མེད་རིག་སྟོང་ཆོས་སྐུར་འདྲེས་འགྱུར་ཅིག།

འདི་སྣང་སྒྱུ་མའི་སྣང་ངོར་སྐྱོ་ན་ཡང་།།
རིག་འཛིན་པདྨ་ཡབ་སྲས་རྒྱུད་པ་ཡི།།
ཐུགས་ཀྱི་ཡང་གསང་མན་ངག་ཡོངས་ཐོབ་པའི།།
དམ་པ་ཁྱེད་དང་ཚེ་རབས་འབྲེལ་བར་ཤོག།

ཆོས་སྲིད་ཡོངས་ཀྱིས་དབུལ་བ་སྤྲང་པོ་ང་།།
མཁན་ཆེན་དམ་པ་ཁྱེད་ཀྱིས་ཐུགས་བརྩེས་བསྟོད།།
དམ་ཆོས་ཐོབ་ལ་དགོས་མཁོ་མ་ལུས་གནང་།།
མཁན་ཆེན་དམ་པ་བདག་གི་སྙིང་དང་འདྲ།།

ཅོག་བཞག་བཞི་ཡི་ཏིང་འཛིན་གཡོ་མེད་ངང་།།
སྣང་བཞི་མཐར་ཕྱིན་འོད་ལྔའི་གུར་ཁང་ནང་།།
རིག་འཛིན་པདྨ་ནོར་བུའི་དཀྱིལ་འཁོར་དུ།།
མཚོན་བུ་གཅིག་ཏུ་འདྲེས་པར་སྨོན་ལམ་འདེབས།།

མི་རིང་སྒྱུ་ལུས་ཡལ་བའི་རྗེས་ཉིད་ནས།།
བདག་ཀྱང་ཡབ་སྲས་ཁྱེད་ཀྱི་རྗེས་བསྙེག་ནས།།
ཟབ་གསང་ཡིད་བཞིན་ནོར་བུའི་བང་མཛོད་ལ།།
ཅི་དགར་རོལ་བའི་བརྟུལ་ཤུགས་ངོམ་ནས་ཡོང་།།

ནམ་མཁའི་ཁམས་སུ་འཁྲུལ་སྣང་མ་ཡལ་བར།།
སྒྱུ་མའི་སྣང་བས་བདག་ཀྱང་གནས་པར་ཤོག།
འཁྲུལ་སྣང་དབྱིངས་སུ་སྟོངས་པར་མ་འགྱུར་བར།།
བདག་གིས་བརྩོན་འགྲུས་ལྷོད་པ་མེད་པར་ཤོག།

     ཞེས་པ་འདི་ནི་དཔལ་ལྡན་བླ་མ་གྲུབ་དབང་ཡིད་བཞིན་ནོར་བུའི་གསང་གསུམ་གྱི་རྒྱལ་ཚབ་བསྟན་དང་འགྲོ་བའི་མགོན་པོ། མཁས་བཙུན་བཟང་པོའི་རྣམ་ཐར་གྱི་འོད་སྟོང་འཕྲོ་བ་མཁན་ཆེན་བཀྲ་ཤིས་ཚེ་རིང་མཆོག གློ་བུར་དུ་གཟུགས་སྐུའི་བཀོད་པ་བསྡུས་པའི་གནས་ཚུལ་ཐོས་མ་ཐག གང་གི་སློབ་འབངས་ཐ་ཤལ་བ་དོལ་པོ་ལྷོ་རི་བ་ཀརྨ་དབང་རྒྱལ་ནས་ ༢༠༢༡/༠༦/༡༧ ཉིན་ནུབ་ཧྥ་རནས་སིའི་རྒྱལ་སར་ཤར་མར་རྗེས་དྲན་མཆོད་སྤྲིན་དུ་ཕུལ་བའོ།།


༢༽ སྐྱོ་བ་འཐེན་པ།
སློབ་དཔོན་དགའ་དགའ།


མདོ་རྒྱུད་ཀུན་ལ་ཆ་ཡོད་རྒྱུས་ཡོད་ཅིག།
བླ་མ་སློབ་མའི་དད་དམ་གཙང་མ་ཞིག།
རིགས་རུས་དབྱེ་འབྱེད་མེད་པའི་མཁས་པ་ཞིག།
གློ་བུར་ཞི་བར་གཟིམས་དེས་སྐྱོ་ལྷང་ལྷང་།།

༸གྲུབ་དབང་བླ་མས་ཅི་གསུངས་སྒྲུབ་མཁན་ཞིག།
བསྟན་འགྲོའི་དོན་དུ་དཀའ་སྡུག་མྱོང་མཁན་ཞིག།
སྡོམ་གཙང་སྡེ་སྣོད་འཛིན་པའི་བཙུན་པ་ཞིག།
དམ་པ་ཁྱེད་ཉིད་གཤེགས་སོ་ཡི་རེ་མུག།

གནད་ལ་ཐུག་དུས་ཐུགས་རྒྱ་ཆེ་བ་ཞིག།
བྱས་རྗེས་མང་ཀྱང་བྱས་རབས་མེད་པ་ཞིག།
འདས་པའི་ལོ་རྒྱུས་ནག་ནོག་མེད་མཁན་ཞིག།
མ་བཅོས་གཉུག་མའི་གཞི་ལ་བསྡུས་སོ་ཨང་།།

བལ་པོའི་ཡུལ་ནས་མགོན་སྐྱབས་མང་བ་ཞིག།
རྒྱ་ཡུལ་ཕེབས་དུས་དད་ལྡན་མང་བ་ཞིག།
ཕ་མ་མེད་པའི་དྭ་ཕྲུག་མང་པོ་ཞིག།
བཅོས་མིན་བྱམས་སེམས་ཁྱེད་ཉིད་འབོད་བཞིན་འདུག།

ཚུལ་འཆོས་མེད་ཅིང་རྒྱས་སྤྲོས་མེད་པ་ཞིག།
བདག་མོ་མཁའ་འགྲོའི་མི་ཁ་མེད་མཁན་ཞིག།
ཀུན་ལས་ལྷག་ཀྱང་ཀུན་དང་མཐུན་པ་ཞིག།
མཁན་ཆེན་ཁྱེད་བཞིན་དུས་འདིར་ཤིན་ཏུ་དཀོན།།

མེ་ཏོག་རྙི་བའི་ལོ་ཟླ་ནག་པོ་ཞིག།
འཁོར་བ་འདི་ནི་འཁོར་བའི་འཁོར་ལོ་ཞིག།
འཆི་གསོན་གཉིས་ལས་གདམ་ཀ་མེད་པ་ཞིག།
བསམས་ཤིང་བསམ་ན་ངུ་མ་དགོད་ཙམ་མོ།།

ཧི་མ་ལ་ཡའི་ལྷ་དང་མཉམ་པ་ཞིག།
ཁྱེད་ཉིད་ཕེབས་ཤུལ་སློབ་བུ་མང་པོ་ཞིག།
རེ་བའི་མིག་ཆུ་ངེས་མེད་འཁྱིལ་བ་ཞིག།
བརྩེ་བའི་ཉི་གཞོན་དབང་པོ་མྱུར་དུ་ཕེབས།།

     ༸སྐྱབས་རྗེ་གྲུབ་དབང་བླ་མའི་དངོས་སློབ་མཁན་རིན་པོ་ཆེ་ནུབ་རི་བཀྲ་ཤིས་ཚེ་རིང་མཆོག གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་གཏམ་དེ་ཐོས་འཕྲལ། ཡིད་སྐྱོ་བའི་གདུང་འབོད་ཙམ་ཞིག ༢༠༢༡/༠༦/༡༧ ཉིན། གུས་སློབ་མིང་ཙམ་འཛིན་པ་དགའ་དགའ་ནས་ཕུལ།


༣༽ ཁྱེད་ཉིད་ཕེབས་པ་སྔ་སོང་།
སློབ་སྤྲུལ་ཚེ་རིང་དབང་འདུས། བལ་ཡུལ་ཨ་འཛོམས་དགོན།


དུག་གསུམ་མེ་ལྟར་མཆེད་པའི་སྙིགས་མའི་དུས།།
རྒྱལ་བསྟན་སྤེལ་པོ་༧གྲུབ་དབང་བླ་མ་ཡི།།
ཐུགས་ཀྱི་སྲས་པོ་མཁན་ཆེན་འདུལ་འཛིན་མཆོག།
ཞིང་གཞན་ཕེབས་པའི་གཏམ་འདི་རྣ་བར་གཟན།།

ནར་མ་སོན་པའི་བྱིས་པ་བརྒྱ་ཕྲག་ལྔའི།།
ཕ་མའི་ཚུལ་དུ་བྱམས་བརྩེའི་འོད་སྣང་ལས།།
བསྐྱངས་རྣམས་ད་ནི་གཅོང་རོང་ལྷུང་བ་བཞིན།།
མགོན་མེད་བསྐྱུར་པའི་ཚུལ་འདི་ཀྱེ་མ་ཧུད།།

ནད་དང་འབྱུང་ལྔའི་གདུག་རྩུབ་འཇིགས་རུང་ཁྲོད།།
སྐྱབས་དང་སྐྱོབ་པ་ཁྱེད་འདྲ་སྲིད་ན་དཀོན།།
ད་ནི་མར་ཀྱི་དཀྱིལ་ནས་སྤུ་ཕྱུང་ལྟར།།
བདག་འདྲ་གཅིག་པུར་ལྷག་པའི་ཚུལ་འདི་སྐྱོ།།

༧གྲུབ་དབང་བླ་མའི་མཛད་འཕྲིན་ཕ་མཐའི་ཁྱོན།།
སྤེལ་བའི་གསང་གསུམ་རྣམ་ཐར་བླུན་རྨོངས་བདག།
གཞལ་བར་དཀའ་ཡང་དཀྱིལ་འཁོར་གཅིག་གི་ཚུལ།།
སློབ་མར་འགྱུར་ཡང་ཞལ་མཇལ་སྐལ་བས་ཕོངས།།

བསམས་ཞིང་བསམ་ན་མི་རྟག་ཆོས་ཉིད་ལ།།
བསླུ་མེད་ཚུལ་གྱིས་རང་ངོ་སྤྲོད་དང་མཚུངས།།
འོན་ཏེ་བསྟན་པའི་ཀ་ཆེན་ཞིང་གཞན་དུ།།
ཕེབས་པ་སྔ་སོང་མཁན་ཆེན་ཡིད་བཞིན་ནོར།།

གང་སྐུ་ཉི་གཞོན་མཇལ་ནས་སྔ་འགྱུར་གྱི།།
ཟབ་ཆོས་མནོད་པའི་ཕུགས་བསམ་རྒྱ་ཆེ་ཡང་།།
ད་ནི་གཉིད་མཐུག་གསེང་གི་རྨི་ལམ་ལྟར།།
འགྱུར་སོང་བསོད་ཟད་བན་ཆུང་ཅི་འདྲའི་སྐྱོ།།

     ༧སྐྱབས་རྗེ་གྲུབ་དབང་བླ་མའི་གདན་ས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་ཐོག་དང་པོ། ངེས་པ་དོན་གྱི་བསྟན་པའི་བདག་པོ་མཁན་ཆེན་བཀྲ་ཤིས་ཚེ་རིང་མཆོག གདུལ་བྱའི་སྣང་ངོར་རེ་ཞིག་ཞི་བར་གཤེགས་པའི་གཏམ་ཐོས་པ་དང་། སེམས་ལ་བཟོད་མི་ཐུབ་པའི་ཕངས་སྣང་ཞིག་དང་འབྲེལ་རྗེས་དྲན་གྱི་ཚུལ་དུ། སྤྲུལ་མིང་འཛིན་པ་ཚེ་རིང་དབང་འདུས་སུ་འབོད་པ་དེས། བལ་ཡུལ་ཡང་ལེ་ཤོད་ཨ་འཛོམས་དགོན་གྱི་རང་ཤག་ཏུ་བྲིས་པ་དགེ།


༤༽ མཁན་རིན་པོ་ཆེ་ཁྱེད་བཞུད་པ་སྔ་སོང་།
སློབ་དཔོན་འཆི་མེད་རྡོ་རྗེའམ་གཞན་ཕན་ཟླ་བ། གདན་ས་རྣམ་གྲོལ་གླིང་།


ཉི་མ་གསལ་དྭངས་མེད་པའི་གནམ་ངན་ལ།།
སྨུག་སྤྲིན་ལང་ལོང་རྒྱུ་བའི་དྲག་ཆར་རྒོད།།
གློ་བུར་གནམ་ལྕགས་ཐོག་མདའི་གཏམ་ངན་ཞིག།
བདག་རྣའི་བུ་ག་བརྟོལ་བས་ངར་ཤུགས་ཆེ།།

འཕགས་ཡུལ་པཎ་གྲུབ་འབྱུང་གནས་ན་ལེནྡྲ།།
རྗེས་མཐུན་རྣམ་གླིང་གསེར་རིའི་ཕྲེང་བ་ལ།།
འདུལ་འཛིན་མཁན་ཐོག་དང་པོའི་མཚན་ཅན་ཁྱེད།།
གློ་བུར་ཞིང་གཞན་གཤེགས་པ་ཐོས་མ་ཐག།

ལུས་སྦྲིད་སེམས་ཀྱི་ཚོར་བ་དྲག་ཏུ་སྐྱོམས།།
ཤུལ་ལུས་གདུལ་བྱའི་བསོད་ནམས་ཟད་པ་འམ།།
མགོན་མེད་ཉམ་ཐག་གྲྭ་སློབ་འབྲེལ་ཐོགས་ཀུན།།
བྱིའུ་ཕྲུག་ཐང་ལ་བོར་ལྟར་ཕེབས་དོན་ཅི།།

སྦས་གནས་སྐྱིད་མོ་ལུང་དུ་སྐུ་བལྟམས་ཤིང་།།
བཀྲ་ཤིས་གཡང་གི་སྒོ་འཕར་ཕྱེ་དུས་ན།།
དམ་ཆོས་དགེ་བཅུའི་ལམ་ལུགས་ཁྱེད་ཀྱིས་གཏོད།།
ནུབ་རིའི་མཁན་པོ་ཞེས་གྲགས་ཀུན་གྱིས་བཀུར།།

བླ་མའི་བཀའ་དགོངས་ཚུལ་བཞིན་སྒྲུབ་ལ་དཔའ།།
ཕྱོགས་བཞིའི་བསྟན་འགྲོའི་ཁུར་ཆེན་བཞེས་ལ་སྤྲོ།།
དཔལ་ཡུལ་གླིང་དང་བྱང་ཆུབ་དར་རྒྱས་གླིང་།།
སྔ་འགྱུར་རྗེས་དྲན་སློབ་གྲྭ་སུ་ཡིས་སྐྱོང་།།

གཏོང་ཕོད་ཕྱག་ཡང་ཅན་གྱི་མགོན་པོ་ཁྱེད།།
སྙིང་སྟོབས་རི་ལྟར་བརླིང་བའི་སྐྱེས་ཆེན་ཁྱེད།།
བཟོད་བསྲན་ལྕགས་ལས་སྲ་བའི་མཁན་ཆེན་ཁྱེད།།
རེ་ཞིག་ཕེབས་པ་སྔ་སོང་ཀྱེ་མ་ཧུད།།

རྟག་འཛིན་གདུལ་བྱ་ཆོས་ལ་བསྐུལ་ཕྱིར་དུ།།
རེ་ཞིག་ཞི་བར་གཟིམས་པའི་ཚུལ་བསྟན་ཀྱང་།།
སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པ་རུ།།
དག་པའི་ཞིང་ནས་གཟིགས་ཤིང་འབྱོན་པར་ཞུ།།

ཁྱེད་ཀྱི་མཛད་རྣམ་རེ་རེ་མཇལ་དུས་ན།།
དད་ལྡན་དད་པ་མི་སྐྱེས་རང་དབང་མེད།།
མདོར་ན་བསྟོད་པའི་མེ་ཏོག་གཏོར་མཁན་ལས།།
སྨད་པའི་ཚིག་གཅིག་བདག་གིས་ཐོས་མ་མྱོང་།།

སྔོན་ཆད་ཁྱེད་ཀྱི་མཛད་འཕྲིན་བརྗོད་ནུས་མིན།།
ད་ཆ་མ་བརྗོད་བློ་ལ་ངང་གིས་ཤར།།
ཚོར་མེད་བདག་གི་རྣམ་ཤེས་འཁྱམ་པོ་དེ།།
ད་ཐེངས་ཁྱེད་ལ་ཕྱོགས་ཤིང་གསོལ་འདེབས་ཞུ།།

     ཞེས་གུས་རྨོངས་གཞན་ཕན་ཟླ་བ་ནས་ ༢༠༢༡/༠༦/༡༧ ཉིན་མྱ་ངན་གྱིས་གདུང་བའི་ཚིག་ཏུ་སྨོས་པའོ།།


༥༽ ཁྱེད་བཞུད་པ་སྔ་སོང་།
སློབ་དཔོན་པདྨ་རྒྱལ་མཚན་ནམ་དྷྭ་ཛཱ་དོལ་པོ། གདན་ས་རྣམ་གྲོལ་གླིང་།


རབ་རིབ་མུན་པས་འཐུམས་པའི་རེ་བའི་མིག།
འོད་ཀྱི་ཐིགས་པ་གཅིག་ལ་གཅེར་ནས་ཡོད།
གློ་བུར་ལྷགས་རླུང་ངར་མས་གཡོལ་བ་འདི།།
མིག་ཆུ་མུན་པར་བསྲེས་སོང་བཤེས་གཉེན་ལགས།།

སློབ་མའི་མཛེས་སྡུག་འཕྲོ་བའི་རྒྱན་ཆ་ཀུན།།
ཁྱེད་ཀྱི་དབུགས་ཀྱི་འབྱུང་རྔུབ་རེ་རེ་ལ།།
འདྲེས་པའི་མདུན་ལམ་སྟོན་པའི་ཡབ་ཆེན་ལགས།།
བཞུད་པ་སྔ་སོང་ནར་མ་སོན་ནས་ཡོད།།

ད་ནངས་ཡོད་ལ་ད་ལྟ་མེད་པའི་ཚུལ།།
ཡིད་ཆེས་དབེན་པའི་རྨི་ལམ་གསོན་པོ་འདི།།
བྲང་གི་ཡ་ཁོག་སྟོད་ལ་བརྒྱངས་ནས་སུ།།
ད་དུང་རེ་བས་བཟི་བའི་སྣང་བར་ལུས།།

སྐྱེ་འཆི་བར་གྱི་ཡོད་ནས་ཡོད་ཚད་ཀུན།།
གཞན་དོན་ཁོ་ནར་གཏོང་བའི་ཐུགས་སྟོབས་ཅན།།
ཡབ་རྗེ་གྲུབ་དབང་བླ་མའི་རྣམ་ཐར་དངོས།།
སྐྱོང་བའི་ངེས་དོན་བཤེས་གཉེན་ཞུད་པ་སྔ།།

གཞན་ཕན་ཐུགས་བསྐྱེད་ཞིང་ས་བཟང་པོ་ལ།།
ལྗང་འཁྲུངས་ལོ་འདབ་ཕྲིན་ལས་འབུས་ནས་སུ།།།
འབྲས་བུ་གཡུར་དུ་ཟ་ལ་ཉེ་བའི་སྐབས།།
ཁྱེད་ཉིད་བཞུད་པ་སྔ་སོང་དགེ་རྒན་ལགས།།

༢༠༢༡/༠༦/༡༧


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།