རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 6 July 2020

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།

པོ་བསྟོད། བཅུ་བཞི་ཕྱི་དྲན།

རྩོམ་པ་པོ། ཆབ་མདོ་ཤེས་རབ།

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པ་པོ།།

གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་་པོ།།

གང་ཐུགས་རྒྱ་མཚོ་ཆེ་ལྟར་ཟབ་པ་དྲན་པའི་མོད་ལ་ཀུན་ནས་ཞི་བར་བྱེད་པ་པོ།།

གང་ལ་བརྟེན་ན་ཀུན་ཏུ་དགེ་བ་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཞེས་གྲགས་པ་པོ།།


༼༡༽

གཙང་གི་གུར་མོར་འབྲོམ་གྱི་རིགས་སུ་འཁྲུངས་པ་པོ།།

འཇམ་མགོན་བླ་མའི་ཐུགས་ཀྱི་སྲས་སུ་གྱུར་པ་པོ།།

པཎ་ཆེན་གྲགས་པས་ཐམས་ཅད་མཁྱེན་པ་གསོལ་བ་པོ།།

བཀྲས་ལྷུན་བཏབ་ཅིང་ལེགས་བཤད་པོད་བདུན་མཛད་པ་པོ།།

སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཅེས་གྲགས་པ་པོ།།

1391-1474


༼༢༽

གཙང་གི་རྟ་ནག་སྲེག་གི་རིགས་སུ་འཁྲུངས་པ་པོ།།

དབུས་གཙང་གཉིས་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་པོ།།

འབྲས་སྤུངས་བླ་བྲང་དགའ་ལྡན་ཕོ་བྲང་བསྐྲུན་པ་པོ།།

ཆོས་འཁོར་རྒྱལ་བཏབ་ལེགས་བཤད་པོད་གསུམ་མཛད་པ་པོ།།

གཉིས་པ་མཚུངས་མེད་དགེ་འདུན་རྒྱ་མཚོར་གྲགས་པ་པོ།།

1476-1542


༼༣༽

དབུས་ཀྱི་སྟོད་ལུང་རྨ་ཡི་རིགས་སུ་འཁྲུངས་པ་པོ།།

ཨལ་ཐན་རྒྱལ་པོས་ཏཱ་ལའི་བླ་མ་གསོལ་བ་པོ།།

སོག་ཡུལ་ཆོས་བཀོད་ཆབ་མདོའི་ཁྲི་ལ་ཕེབས་པ་པོ།།

ལི་ཐང་དགོན་བཏབ་ལེགས་བཤད་པོད་གཅིག་མཛད་པ་པོ།།

གསུམ་པ་མཁས་གྲུབ་བསོད་ནམས་རྒྱ་མཚོར་གྲགས་པ་པོ།།

1543-1588


༼༤༽

ཧོར་ཡུལ་མཁར་སྔོན་ཇིང་གེར་རིགས་སུ་འཁྲུངས་པ་པོ།།

རྒྱ་བོད་ཧོར་གསུམ་རིགས་ཀྱི་ཟིལ་གྱིས་གནོན་པ་པོ།།

གོང་མའི་མཛད་འཕྲོ་ཧོར་ཡུལ་ཆོས་ལ་བཀོད་པ་པོ།།

ཏ་མིང་རྒྱལ་པོས་རྡོ་རྗེ་འཆང་ཞེས་བསྟོད་པ་པོ།།

བཞི་པ་རྒྱལ་བ་ཡོན་ཏན་རྒྱ་མཚོར་གྲགས་པ་པོ།།

1589-1516


༼༥༽

ལྷོ་ཁ་འཕྱོངས་རྒྱས་ཟ་ཧོར་རིགས་སུ་འཁྲུངས་པ་པོ།།

ཆབ་སྲིད་མཛད་ཅིང་ཆོལ་གསུམ་དབང་དུ་བསྒྱུར་བ་པོ།།

རྒྱ་འཇང་ཧོར་གསུམ་རིང་ནས་བཀའ་ལ་བཏགས་པ་པོ།།

གསར་རྙིང་རིས་མེད་པོད་ཆེན་སུམ་ཅུ་མཛད་པ་པོ།།

ལྔ་པ་ངག་དབང་བློ་བཟང་རྒྱ་མཚོར་གྲགས་པ་པོ།།

1617-1682


༼༦༽

མོན་ཡུལ་ལ་འོག་སྨྱོས་ཀྱི་རིགས་སུ་འཁྲུངས་པ་པོ།།

ཆབ་སྲིད་མ་མཛད་སྡོམ་པ་ཕྱིར་འབུལ་མཛད་པ་པོ།།

ཉིན་མོར་ཁྲི་བཞུགས་མཚན་མོ་གྲོང་དུ་ཕེབས་པ་པོ།།

ཆང་འཐུང་བྲོ་རྡུང་མཛའ་གླུ་སྙན་པོ་ལེན་པ་པོ།།

དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོར་གྲགས་པ་པོ།།

1683,1706


༼༧༽

མདོ་ཁམས་ལི་ཐང་འབྲོམ་གྱི་རིགས་སུ་འཁྲུངས་པ་པོ།།

ཆབ་སྲིད་མཛད་ཅིང་བཀའ་ཤག་ལམ་སྲོལ་གཏོད་པ་པོ།།

ནོར་གླིང་ཐོག་མ་བསྐལ་བཟང་ཕོ་བྲང་བསྐྲུན་པ་པོ།།

མགར་ཐར་དགོན་བཏབ་ལེགས་བཤད་པོད་བརྒྱད་མཛད་པ་པོ།།

བདུན་པ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོར་གྲགས་པ་པོ།།

1708-1757


༼༨༽

གཙང་གི་ཐོབ་རྒྱལ་གླིང་གི་རིགས་སུ་འཁྲུངས་པ་པོ།།

ཆབ་སྲིད་མཛད་ཅིང་གོར་ཁའི་དམག་དཔུང་བཟློག་པ་པོ།།

དངུལ་ཊམ་གསར་བཟོ་རྒྱལ་ཚབ་སྲོལ་གཏོད་གནང་བ་པོ།།

ཚེ་ཆོག་གླིང་བཏབ་ལེགས་བཤད་པོད་གཉིས་མཛད་པ་པོ།།

བརྒྱད་པ་བློ་བཟང་འཇམ་དཔལ་རྒྱ་མཚོར་གྲགས་པ་པོ།།

1758-1804


༼༩༽

མདོ་ཁམས་འདན་ཡུལ་གཉེན་གྱི་རིགས་སུ་འཁྲུངས་པ་པོ།།

ཆབ་སྲིད་མ་མཛད་མོན་ཡུལ་ནང་འཁྲུག་འདུམ་པ་པོ།།

མཚོ་སྔོན་ཇག་འདུལ་མགོ་ལོག་ཁག་གཉིས་འབེབས་པ་པོ།

གོར་དབྱིན་འཁྲུག་སྐབས་གོར་ཁ་རྒྱལ་ཐབས་མཛད་པ་པོ།།

དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོར་གྲགས་པ་པོ།།

1805-1815


༼༡༠༽

མདོ་ཁམས་ལི་ཐང་ཤོག་དྲུག་ཡུལ་དུ་འཁྲུངས་པ་པོ།།

ཆབ་སྲིད་མ་མཛད་ཐོར་རྒོད་ཆོས་ལ་བཀོད་པ་པོ།།

རྒྱལ་མོ་རོང་ལ་མཚམས་སྲུང་བཀའ་ཡིག་སྩལ་བ་པོ།།

བོད་ཁམས་མོས་སྙོམ་ལྕགས་སྟག་ཞིབ་གཞུང་མཛད་པ་པོ།།

བཅུ་པ་མཚུངས་མེད་ཚུལ་ཁྲིམས་རྒྱ་མཚོར་གྲགས་པ་པོ།།

1816-1837


༼༡༡༽

མདོ་ཁམས་མི་ཉག་མགར་ཐར་ཡུལ་དུ་འཁྲུངས་པ་པོ།།

ཆབ་སྲིད་མཛད་ཅིང་སིག་དམག་བོད་ནས་བཟློག་པ་པོ།།

ལ་དྭགས་རྒྱལ་པོ་སླར་ཡང་རྒྱལ་ཁྲིར་བཀོད་པ་པོ།།

གོར་བོད་འཁྲུག་སྐབས་ཕམ་ཁ་ཅུང་ཟད་རེག་པ་པོ།།

བཅུ་གཅིག་ངག་དབང་མཁས་གྲུབ་རྒྱ་མཚོར་གྲགས་པ་པོ།།

1838-1855


༼༡༢༽

ལྷོ་ཁ་འོལ་ཁ་རྫིང་ཕྱིའི་འདབས་སུ་འཁྲུངས་པ་པོ།།

ཆབ་སྲིད་མཛད་ཅིང་འབྲས་ལྗོངས་བློན་ཆེན་སྐྱོབ་པ་པོ།།

ར་སྒྲེང་བཤད་སྒྲའི་རྩོད་འཁྲུག་མང་པོ་བརྒྱུད་པ་པོ།།

དགའ་ལྡན་དགོན་དང་ཉག་སྡེ་ཁྲི་ལྔ་འཇགས་པ་པོ།

བཅུ་གཉིས་རྗེ་བཙུན་འཕྲིན་ལས་རྒྱ་མཚོར་གྲགས་པ་པོ།།

1856-1875


༼༡༣༽

ལྷོ་ཁ་དྭགས་པོ་གླང་མདུན་གྲོང་དུ་འཁྲུངས་པ་པོ།།

ཆབ་སྲིད་མཛད་ཅིང་རང་བཙན་བསྐྱར་ནན་བསྒྲགས་པ་པོ།།

ཨིན་སོག་གཉིས་ལ་འདྲ་མཉམ་ཆིངས་ཡིག་འཇོག་པ་པོ།།

གློག་འཕྲུལ་དམག་སོགས་དེང་རབས་ཅན་དུ་བསྒྱུར་བ་པོ།།

བཅུ་གསུམ་ཟླ་བྲལ་ཐུབ་བསྟན་རྒྱ་མཚོར་གྲགས་པ་པོ།།

1876-1933


༼༡༤༽

མདོ་སྨད་ཙོང་ཁ་ལྟག་མཚེར་ཡུལ་དུ་འཁྲུངས་པ་པོ།།

ཆབ་སྲིད་མཛད་ཅིང་མང་གཙོའི་ལམ་བཟང་སྩོལ་བ་པོ།།

རང་ཡུལ་བྲལ་ཡང་གཞན་ཡུལ་མཛད་འཕྲིན་རྒྱས་པ་པོ།།

གཞིས་བྱེས་གཉིས་ཀྱི་མགོན་སྐྱབས་དམ་པར་བཞུགས་པ་པོ།།

བཅུ་བཞི་རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་གྲགས་པ་པོ།།

1935


སོ་ལྔ་ལོ་ལ་ཙོང་ཁའི་ཡུལ་དུ་འཁྲུངས་པ་པོ།།

དགུ་ལོ་ལ་དབུས་ཕྱོགས་ལྷ་ལྡན་ཕེབས་པ་པོ།།

བཞི་བཅུ་ལོ་ལ་གསེར་ཁྲི་མངའ་གསོལ་མཛད་པ་པོ།།

ལྔ་བཅུ་ལོ་ལ་ལུགས་གཉིས་ཐུགས་འགན་བཞེས་པ་པོ།།


ང་གཅིག་བོད་རྒྱ་འཆམ་མཐུན་ཡོང་རེ་གནང་བ་པོ།།

ང་དགུ་རྒྱ་གར་མ་བྲོས་ཐབས་མེད་བྱུང་བ་པོ།།

དྲུག་ཅུ་བཙན་བྱོལ་མང་གཙོ་གཞུང་གསར་བཙུགས་པ་པོ།།

རེ་གཅིག་མ་འོངས་རྩ་ཁྲིམས་ཟིན་བྲིས་མཛད་པ་པོ།།

 

རེ་བདུན་ནས་བཟུང་ཤར་ནུབ་གང་སར་ཕེབས་པ་པོ།།

དོན་དགུ་ནས་བཟུང་སྐུ་ཚབ་སྔ་རྗེས་གཏོང་བ་པོ།།

གྱི་བརྒྱུད་ཨ་རིར་ཞི་བའི་གྲོས་འཆར་བཏོན་པ་པོ།།

གྱ་དགུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ།།

 

གོ་གཅིག་ད་ཡོད་བཅའ་ཁྲིམས་གཏན་འབེབས་མཛད་པ་པོ།།

ཉིས་སྟོང་བཀའ་ཁྲི་འོས་འདེམས་ལམ་སྲོལ་གཏོད་པ་པོ།།

ཉིས་སྟོང་བཅུ་གཅིག་ཆབ་སྲིད་མཛད་འགན་བཞག་པ་པོ།།

ཉིས་སྟོང་ཉི་ཤུ་དགུང་གྲངས་གྱ་ལྔར་ཕེབས་པ་པོ།།


ཆོས་ལུགས་གཅིག་མཚུངས་འཆམ་མཐུན་ཡོང་ཐབས་མཛད་པ་པོ།།

རིག་གཞུང་གཅིག་མཚུངས་བཟང་སྤྱོད་ཡོང་ཐབས་མཛད་པ་པོ།།

མི་རིགས་གཅིག་མཚུངས་འདྲ་མཉམ་ཡོང་ཐབས་མཛད་པ་པོ།།

འགྲོ་ཀུན་གཅིག་མཚུངས་བདེ་སྐྱིད་ཡོང་ཐབས་མཛད་པ་པོ།།


ནང་པའི་གཞུང་ལ་ཕྲ་མཛངས་བློ་ཡིས་དཔྱོད་པ་པོ།།

ཚན་ཆོས་ལྟ་གྲུབ་རྣམ་པ་གསུམ་དུ་འབྱེད་པ་པོ།།

ཚན་རིག་མཁས་པ་བརྒྱ་ཕྲག་ལྷན་དུ་བགྲོ་བ་པོ།།

ནང་ཚན་གཉིས་པོ་གཅིག་ཕན་གཅིག་གྲོགས་གཟིགས་པ་པོ།།


རྒྱ་བོད་བར་ན་མེ་འཚིག་མེ་གཏུགས་གནང་བ་པོ།།

རྒྱལ་ཕམ་འཁོན་སྤངས་གཉིས་ཕན་དབུ་ལམ་སྟོན་པ་པོ།།

སྲིད་དོན་མ་ཡིན་འགྲོ་བའི་བདེ་དོན་བརྩོན་པ་པོ།།

འདས་དོན་མ་ཡིན་མ་འོངས་གལ་ཆེན་གཟིགས་པ་པོ།།

 

ལེགས་བཤད་དཔེ་དེབ་བརྒྱ་ཕྲག་མང་པོ་མཛད་པ་པོ།།

གྲགས་ཆེན་གཟེངས་རྟགས་སྟོང་ཕྲག་མང་པོ་བཞེས་པ་པོ།།

སྐུ་ཚེ་བསྐལ་པ་འབུམ་ཕྲག་མང་པོར་བཞུགས་གསོལ་འདེབས།།

རླབས་ཆེན་མཛད་འཕྲིན་བྱེ་བ་ཕྲག་དང་འགྲོགས་པར་སྨོན།།


ཞེས་མགོན་པོ་གང་ཉིད་དགུང་གྲངས་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། སྔར་འཕགས་པ་སྤྱན་རས་གཟིགས་ལ་དགེ་སློང་མ་དཔལ་མོས་བསྟོད་པ་“པོ་བསྟོད་ཅེས་གྲགས་པ་དང་མཐུན་པར། སྐུ་ཕྲེང་ན་རིམ་གྱི་མཛད་འཕྲིན་རྒྱ་མཚོ་ལྟ་བུ་ལས་ཐུན་མོང་སྣང་ངོར་འཆར་ཐུབ་པ་ཆུ་ཐིགས་ཙམ་ཞིག་སྨོས་པ་འདི་ནི། བོད་གངས་ཅན་དུ་སྐྱེས་ཀྱང་ལས་དབང་གིས་ས་མཐར་འཁྱམ་པ་ཆབ་མདོ་ཤེས་རབ་འབོད་པ་གང་དེས་སྨོན་འདུན་དང་བཅས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།


འཁྲུངས་ཡུལ་ཁག་དེང་སང་གི་སྲིད་འཛིན་ས་ཁོངས་གང་ཡིན།

1.     གཙང་གུར་མོ། གཞིས་རྩེ་ས་གནས། གམ་པ་རྫོང་ཁོངས།

2.     གཙང་རྟ་ནག །གཞིས་རྩེ་ས་གནས། བཞེད་མཐོང་སྨོན་རྫོང་ཁོངས།

3.     སྟོད་ལུང༌། ལྷ་ས་གྲོང་ཁྱེར། སྟོད་ལུང་རྫོང་ཁོངས།

4.     ཧོར་ཡུལ་མཁར་སྔོན། ནང་སོག་ཁོངས། མཁར་གྲོང་སྔོན་པོ། (Hohhot)

5.     འཕྱོངས་རྒྱས། ལྷོ་ཁ་ས་གནས། འཕྱོངས་རྒྱས་རྫོང་ཁོངས།

6.     མོན་ལ་འོག །ཨ་རུ་ན་ཅལ་མངའ་སྡེ། རྟ་དབང་རྫོང་ཁོངས།

7.     མདོ་ཁམས་ལི་ཐང༌། དཀར་མཛེས་ཁུལ། ལི་ཐང་རྫོང་ཁོངས།

8.     གཙང་ཐོབ་རྒྱལ། གཞིས་རྩེ་ས་གནས། རྣམ་གླིང་རྫོང་ཁོངས།

9.     མདོ་ཁམས་འདན་ཡུལ། ཆབ་མདོ་ས་གནས། འཇོ་མདའ་རྫོང་ཁོངས།

10.   ལི་ཐང་ཤོག་དྲུག །དཀར་མཛེས་ཁུལ། ལི་ཐང་རྫོང་ཁོངས།

11.   མི་ཉག་མགར་ཐར། དཀར་མཛེས་ཁུལ། རྟའུ་རྫོང་ཁོངས།

12.   འོལ་ཁ་རྫིང་ཕྱི། ལྷོ་ཁ་ས་གནས། ཟངས་རི་རྫོང་ཁོངས།

13.   དྭགས་པོ་གླང་མདུན། ཉིང་ཁྲི་ས་གནས། སྣང་རྫོང་ཁོངས།

14.   ལྟག་མཚེར། ཟི་ལིང་གྲོང་ཁྱེར། སྐུ་འབུམ་རྫོང་ཁོངས།


གསལ་བཤད་ཚིག་གསུམ།

༡༽ སྐུ་ཕྲེང་ན་རིམ་གྱི་མཚན་གྱི་མགོར་མཚུངས་མེད་དང་། ཟླ་བྲལ། མཁས་གྲུབ། ངག་དབང༌། འཇམ་དཔལ། རྗེ་བཙུན། རྒྱལ་མཆོག་སོགས་གང་ཞིག་སྦྱར་བ་ནི་སྔ་འགྱུར་རྙིང་མའི་ཁྲི་རབས་ལྔ་པ་སྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེས་ (1923-2011) མཛད་པའི་རྒྱལ་བའི་འཁྲུངས་རབས་གསོལ་འདེབས་དང་བསྟུན་པ་སྟེ། དེང་སང་བེད་སྤྱོད་གནང་མཁན་མང་བ་འདུག་པས་ཡིན།

༢༽ འཁྲུངས་འདས་ལོ་ཚིགས་རྣམས་ནི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་དང་བསྟུན་པ་སྟེ། རྒྱལ་བ་རིན་པོ་ཆེ་བོད་ཡིག་དྲ་རྒྱ་དང་བསྡུར་ན་སྐུ་ཕྲེང་མང་པོའི་ལོ་ཚིགས་མི་མཐུན་པ་འདུག་པས་དཔྱད་དགོས།

༣༽ སྐུ་ཕྲེང་གཅིག་གི་མཛད་འཕྲིན་རྣམས་ཤོ་ལོ་ཀ་གཅིག་ནང་ཤོང་ཐབས་མེད་པ་ནི། བཤད་མ་དགོས་པས་གཙོ་གནད་འགའ་རེ་བདམས་པའི་ཁུལ་ཡིན་ཡང༌། མ་ཤེས་རྨོངས་པའི་དབང་གིས་གདམ་ག་བྱེད་སྟངས་ནོར་ཡོད་ངེས་ལ། སླད་ནས་མཁྱེན་ལྡན་ཚོས་གནད་ལ་ཁེལ་ཞིང་གདམ་ཁ་མ་ནོར་བའི་བསྟོད་ཚིག་གཞན་དང་གཞན་དག་འབྲི་བར་གསོལ་བ་འདེབས་བཞིན་ཡོད་ལགས།།


པོ་ཏ་ལ་ཡི་བདག་པོ་གང་དག་བྱོན་དང་བཞུགས་པ་བརྗོད་འདི་ལ།།

པོ་ཏོ་བ་ཡི་བེའུ་བུམ་བཞིན་དུ་གཏམ་རྒྱུད་སྙན་པོ་མེད་ན་ཡང་།།

པོ་རྒན་བདག་གི་སྙིང་ནས་དྲན་པ་འགའ་རེ་བསྡུས་ནས་བཀོད་པ་སྟེ།།

པོ་ཏི་ལོང་བའི་པོ་བསྟོད་འབྲི་བར་དུས་ཚོད་མེད་ན་དཀའ་མོ་གདའ།།


མཇུག་མཐར་སྤྲོ་བ་བརྟས་པའི་ཚིགས་བཅད་དང་བཅསཕྱི་ལོ་ 2020 ཟླ་ 7 ཚེས་ 6 བཟང་པོར་ཕུལ།།

 

ཡོང་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བའི་མདུན་ངོས་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།