རྩོམ་པ་པོ། དོལ་པོ་བླ་མ་ཤཱཀྱ་རིན་པོ་ཆེ།
བདུད་དགྲ་ནང་ཡོད་སངས་རྒྱས་ལུགས།
།ཐོག་བབས་ཆེན་པོའི་ནང་བདུད་བཅོམ། །གནས་ལུགས་རྫོགས་པ་ཆེན་པོ་ལ། །རང་བཞིན་བཅུ་ཡིས་གནོད་པ་བཟློག
།ང་ཡི་མ་བྱས་ཅིག་ཀྱང་མེད། །བྱེད་པོར་འདོད་པའི་ལོག་ལྟ་བཟློག །བྱེད་མི་དགོས་པ་གཅིག་ཡོད་ཀྱང་།
།དེ་ལ་བྱེད་དགོས་ཡོད་སྣང་བཟློག །རང་རིག་རང་ངོ་སྒྲིབས་ཙམ་ལ། །སྦས་གསང་གབ་དོན་གཞན་ཡོད་བཟློག
།ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །སྟོང་པ་ཕྱང་ཆད་འཛིན་བློ་བཟློག །བརྟེན་ཅིང་འབྲེལ་འབྱུང་ཆོས་རྣམས་ཀུན།
།ངོ་བོ་སྒྲུབ་པའི་འཛིན་པ་བཟློག །རྫོགས་ཆེན་སྒོམ་སྒྲུབ་འདས་པ་ལ། །སྒོམ་ཡོད་ཟེར་བའི་ལྟས་ངན་བཟློག
།ཡེ་སྒོམ་ལུས་པ་མེད་པ་ལ། །སྒོམ་མེད་ཟེར་བའི་དམ་སྲི་བཟློག །ཁྱབ་བརྡལ་དགོངས་པ་གཅིག་འདུམ་ལ།
།གུད་དུ་བཅད་པའི་ངན་གཡོ་བཟློག །བཅོས་བྲལ་མཆོག་རྒྱུར་ཡེ་ཡིན་ལ། །བཅོས་ཐབས་ཆོས་ལུགས་མང་པོ་བཟློག
།དོན་དམ་དཔྱོད་བྱེད་ཚད་མ་ཡིས། །གཏན་ལ་འབེབས་འདོད་ཧམ་པ་བཟློག །རིག་པ་བཟང་ཐལ་རྗེན་པ་ལ།
།གཉིས་འཛིན་བློ་ཡིས་སྒྲིབ་པ་བཟློག །རྣམས་གྲངས་མ་ཡིན་དོན་དམ་ལ། །ཡེ་ཤེས་སྤྱོད་ཡུལ་འདོད་མཁན་བཟློག
།རང་སྣང་རྣམ་དག་ཞིང་ཁམས་ལ། །ནུབ་ཀྱི་ཕྱོགས་སུ་གཅུར་པ་བཟློག །བློས་བྱས་མིང་ཚིག་མཚོན་མེད་ལ།
།ཡོད་མེད་སྣ་ཚོགས་མིང་བཏགས་བཟློག །གཉིས་མེད་ཡེ་ཤེས་ཆེན་པོ་ལ། །གཉིས་སྣང་འཁོར་བའི་འཁྲུལ་འཁོར་བཟློག
།སོ་མ་རང་དྭངས་ལྷུག་པ་ལ། །བཅོས་ཚུལ་མང་པོའི་ཐབས་ངན་བཟློག །བྲི་གང་མེད་པའི་རིག་པ་ལ།
།རྣོ་རྟུལ་རིག་པར་གླེང་བ་བཟློག །རང་རིག་རང་གསལ་ཆེན་པོ་འདི། །གཞན་ལྟོས་ལས་བྱུང་གཏམ་ངན་བཟློག
།མེད་བཞིན་སྣང་བ་འགྲོ་བའི་ཁམས། །ཡོད་སྣང་འཛིན་པའི་བྱུས་ངན་བཟློག །ཕྱིར་གསལ་ཡུལ་གྱི་འཕྲོ་རྒོད་རྣམས།
།ནང་གསལ་གཞོན་ནུ་བུམ་སྐུར་བཟློག །ཉམས་རྟོགས་འཕར་བའི་དགོངས་ཀློང་ཞེས། །ཉོན་མོངས་རང་རྐང་གཅོག་པ་བཟློག
།སངས་རྒྱས་འབད་ནས་སྒྲུབ་འདོད་རྣམས། །ལྷུན་གྲུབ་ཆེ་ལ་ངོ་རྒོལ་བཟློག །སྐུ་གསུམ་རང་གི་དྭངས་རྩལ་ལ།
།ལུས་ངག་ཡིད་དུ་ཁ་བཀྲལ་ཟློག །སྣང་སྲིད་འཁོར་འདས་ཆོས་སོ་ཅོག །རྒྱན་གྱི་འཁོར་ལོར་མི་འདོད་བཟློག
།གཟུང་འཛིན་བྲལ་བའི་ཆོས་ཉིད་ལ། །གཉིས་འཛིན་ཐག་གུས་འཆིང་བ་བཟློག །གནས་ལུགས་བསམ་མི་ཁྱབ་པ་ལ།
།ཡིད་ཆེས་མེད་པའི་འདོ་མེད་བཟློག །དབྱིངས་རིག་རོལ་རྩལ་འཁྱིལ་བ་ལ། །བྱེད་པོ་གཞན་འདོད་གནོད་བྱེད་བཟློག
།སྐྱེ་མེད་ཡེ་སངས་རྒྱས་པ་ལ། །བསྐྱར་ཐོབ་བྱེད་འདོད་རྒོལ་སྒྲིབ་བཟློག །རིག་ངོར་དགྲ་གཉེན་བྲལ་བ་ལ།
།དགྲ་འདུལ་གཉེན་སྐྱོང་གཏད་ཕྲམ་བཟློག །སེམས་སྐྱེད་རང་མགོ་དཀོར་རྒྱུ་ལས། །གཞན་ཕན་མེད་པའི་ཀླད་སྟོང་བཟློག
།རྒྱུ་འབྲས་རྩོལ་སྒྲུབ་བྲལ་བ་ལ། །ཡར་མཆོད་མར་སྟེར་སྦྱིན་པ་བཟློག །མེད་ཕྱལ་ལྷུན་འགྲུབ་ཡེ་སྲུང་ལ།
།སྡོམ་གསུམ་ཐ་སྙད་ཚུལ་ཁྲིམས་བཟློག །ཡེ་ཟིན་ཚར་བའི་བྱ་བྲལ་ལ། །འབད་རྩོལ་ངལ་བའི་བཟོད་པ་བཟློག
།ས་ལམ་གྲོད་དུ་མེད་པ་ལ། །གཉེན་པོའི་བཅོས་རྒྱུར་བརྩོན་འགྲུས་བཟློག །ཡེ་ནས་མཉམ་བཞག་ཡིན་པ་ལ།
།བཞག་ཐབས་ལོག་ལྟའི་ཏིང་འཛིན་བཟློག །ཐོབ་པ་མེད་ཅིང་མ་ཐོབ་མེད། །འཕེལ་ཡོད་ཐོབ་འདོད་ཤེས་རབ་བཟློག །ཕ་རོལ་ཕྱིན་པའི་ལྟ་བ་འདི། །དེ་ཐོག་མ་ཤེས་རྒྱང་རིང་བཟློག
།སེམས་ཀྱི་རིག་པ་འཕེལ་སྒྲིབ་དང་། །གནས་ལུགས་དོན་རིག་མ་ཕྱེ་བཟློག །ཕུ་རུ་སྒྲུབ་པ་རྒྱབ་ཚུལ་གྱི།
།རིག་པ་སྤྲང་པོར་སྟོན་མཁན་བཟློག །མདའ་རུ་ཐོས་བསམ་བྱེད་འདོད་ཀྱི། །རིག་པ་ཕྱུག་པོ་བྱེད་འདོད་བཟློག
།བར་དུ་བྱར་མེད་ལྷུག་གནས་ལ། །འདོ་མེད་ཁྲེལ་ཉལ་བརྩི་བ་བཟློག །གང་ཤར་འཛིན་མེད་རང་ཤར་ལ།
།དངོས་འཛིན་ཞེན་ཆགས་ལྟོགས་འདྲེ་བཟློག །བློ་འདས་ཆོས་ཟད་ཆེན་པོ་འདི། །དག་གཟིགས་ཚད་མའི་སྤྱོད་ཡུལ་བཟློག
།རྫོགས་ཆེན་སྒྲ་ཚིག་ལ་མི་ལྟོས། །ཚིག་ལས་དྲངས་ཟེར་སྐྲག་མཁན་བཟློག །ཡོངས་གྲོལ་མཉམ་པ་ཆེན་པོ་ལ།
།གྲྭ་ཟུར་ཕྱོགས་ལྷུང་རྩི་མཁན་བཟློག །ཆོས་ཉིད་དོན་ལ་ཆ་ལུགས་མེད། །གཟུགས་དབྱིབས་འཛིན་པ་ངང་གིས་བཟློག།
༈
ཆོས་ཅན་ཆོས་ཉིད་ཀློང་དུ་བཟློག །ཡེ་ཟིན་ཆོས་ལ་འབད་རྩོལ་བཟློག །ཇི་བཞིན་པ་ལ་བཅོས་གྱུར་བཟློག
།ཡེ་གྲོལ་བསྐྱར་གྲོལ་ཡོད་སྣང་བཟློག །རང་གྲོལ་གཉེན་པོ་ཡོད་མདོག་བཟློག །མཐའ་གྲོལ་ཐུག་འཕྲད་བྱེད་འདོད་བཟློག
།གཅེར་གྲོལ་གཞན་ངོ་ལྟ་འདོད་བཟློག །གཅིག་གྲོལ་གྲངས་མཐར་རྩི་བ་བཟློག །ཡོད་པའི་མིང་གི་རྟག་འཛིན་བཟློག
།མེད་པའི་མིང་གི་འཆད་འཛིན་བཟློག །གཉིས་མེད་བློ་འདས་རྒྱང་ཕན་བཟློག །སྐྱེད་རྫོགས་དོན་མེད་མགོ་སྐོར་བཟློག
།སྦྱོར་དངོས་རྗེས་གསུམ་སྡུག་ཡུས་བཟློག །འདོད་ཆགས་བདེ་ཆེན་ངང་དུ་བཟློག །ཞེ་སྡང་རང་གྲོལ་ཀློང་དུ་བཟློག
།གཏི་མུག་ཆོས་ཉིད་དབྱིངས་སུ་བཟློག །དངོས་འཛིན་འོད་གསལ་ངང་དུ་བཟློག །བདེན་འཛིན་ཨ་འཐས་ལྟས་ངན་བཟློག
།ཞེན་ཆགས་ཆེ་བའི་ནད་གདོན་བཟློག །དམ་ཆོས་བར་ཆད་བསོད་ནམས་བཟློག །སྒྲུབ་ལ་བར་ཆད་ལོངས་སྤྱོད་བཟློག
།སྡིག་སྒྲིབ་སོག་པའི་མངའ་ཐང་བཟློག །ལས་ངན་སྒྲུབ་པའི་དངོས་གྲུབ་བཟློག །རང་རིག་སྒྲིབ་པའི་སྙན་གྲགས་བཟློག
།གཟུང་འཛིན་རྨི་ལམ་ངན་པ་བཟློག །རྟག་འཛིན་མཚན་མ་ངན་པ་བཟློག །ཉམས་ལེན་རྩ་བ་རེ་དོགས་བཟློག
།འཁོར་གསུམ་མི་དམིགས་མ་ཤེས་བཟློག །རྣམ་ཐར་གསུམ་ངོ་མ་འཕྲོད་བཟློག །ཡས་བདུད་སངས་རྒྱས་རེ་བ་བཟློག
།མས་བདུད་འཁོར་བར་ལྷུང་དོགས་བཟློག །སྐྱིད་འདོད་བྱེད་པའི་ཕོ་གདོན་བཟློག །སྡུག་འདོད་ཡ་ངའི་མོ་གདོན་བཟློག
།བཟང་འདོད་ཆོས་ཀྱི་ཡོན་ཏན་བཟློག །ངན་འདོད་ཁོག་ནག་དཔོན་ངན་བཟློག །བློ་བདེ་ཉམས་ཀྱིས་ཞེན་པ་བཟློག
།ཡིད་ཆད་ངེས་ཤེས་ཐོད་ཐུག་བཟློག །གཞི་སྣང་ངོ་བོ་མ་སད་བཟློག །དགེ་སྡིག་རྒྱུ་འབྲས་མེད་སར་བཟློག
།རྫོགས་ཆེན་མ་རྟོགས་ལོག་ལྟ་བཟློག །ཐམས་ཅད་ནང་གསལ་དབྱིངས་སུ་བཟློག །ཡུལ་མེད་ཟང་ཐལ་རྗེན་པར་བཟློག
།མཱ་ར་ཡ་བཟློག སྭ་བྷཱ་ཝ་བཟློག ཕཊ་ཕཊ་བཟློག་ཅིག །གནས་ལུགས་དོན་གྱི་བསྟོད་པ་འདི། །བཟློག་པའི་ཚུལ་གྱིས་མ་བསྟོད་ན།
།གཤིས་ལ་བསྟོད་བྱ་མི་མངའོ། །བཟློག་བསྟོད་འདི་ཡི་ཕན་ཡོན་ནི། །རྩལ་བྱུང་དབྱིངས་ཀློང་ཐིམ་ཕྱིར་རོ།།
།།
༈ ཡང་བཟློག་དོགས་སེལ་ཆེན་མོ་བྱེད། །འདི་མ་ཤེས་ན་སངས་མི་རྒྱ།
།འདི་དོན་ཆོལ་ན་ངན་སོང་ལྷུང་། །དེ་ཕྱིར་དཔེ་ཡི་དོན་བཟློག་བསྟན། །མཁའ་ཀློང་འབྱུང་བཞི་འཁྲུགས་པའི་དུས།
།ནམ་མཁའ་གཡོས་སོ་ཟེར་བ་བཟློག །བསྲེགས་བཅད་བརྡར་བའི་གསེར་འདི་ལ། །གཡའ་ཡིས་གོས་སོ་ཟེར་བ་བཟློག
།ཇི་ལྟར་ཆུ་ཟླ་མཐོང་ཐོག་དེར། །ཟླ་དཀྱིལ་དངོས་འདུག་བསམ་པ་བཟློག །རྒྱ་མཚོར་ཆུ་ཡོད་ཤེས་རྐྱེན་གྱི།
།ཆུ་ནང་རྒྱ་མཚོའི་མངོན་ཞེན་བཟློག །ངག་ལྐུགས་བུ་རམ་བཟོས་པའི་རོ།
།མྱོང་ཡང་བརྗོད་དོ་ཟེར་བ་བཟློག །ཉིན་སྣང་རྨི་ལམ་རྫུན་ཡང་བདེན། །གཉིད་ལས་གཡོས་རྨིད་རྫུན་འཛིན་བཟློག །གཟུགས་སོགས་སྟོང་པས་ཁྱབ་པ་ལ།
།སྟོང་པ་ལག་འཛིན་དགོས་སྣང་བཟློག །ཇི་ལྟར་སྒྱུ་མའི་རྟ་གླང་ལ། །བྱིས་པ་གླེན་པའི་དངོས་འཛིན་བཟློག
།ཐེག་བརྒྱད་ཀློང་དུ་ཁྱོད་བཞུགས་ཀྱང། །ཁྱོད་ངོར་ཐེག་བརྒྱད་ཚང་སྣང་བཟློག །དབྱིངས་ལས་རོལ་པའི་རྩལ་འབྱུང་གི
།རོལ་རྩལ་དབྱིངས་སུ་མ་ཐིམ་བཟློག །ཡོད་མེད་གཉིས་འདས་མེད་མིང་འདི། །བླ་དྭགས་ཚིག་ལ་དངོས་འཛིན་བཟློག
།དགོས་འདོད་ནོར་བུ་ལས་བྱུང་ཡང་། །ཐོབ་མིན་ནོར་བུས་བྱས་བློ་བཟློག །ཤཱཀྱས་རྫོགས་ཆེན་བཀྲམས་སོ་ལོ། །ཡེ་ཁྱབ་ང་ལ་ཉེས་པ་བཟློག །བཟློག་བསྟོད་ཡོན་ཏན་རྒྱ་མཚོ་འདི། །འགྲོ་ཀུན་ངོ་བོ་སད་ཕྱིར་བསྔོ།།
།།
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།