ཚེ་རིང་བསམ་གྲུབ། བལ་ཡུལ།
དོ་ཞག་ངས་འབྲི་བཞིན་པའི་གཏམ་རྒྱུད་འདིའི་ཁ་བྱང་«ཡི་མུག»ཡིན།
གཏམ་རྒྱུད་འདིའི་ནང་དོན་«བྲིས་ནོར་ཤོར་བའི་གཏམ་རྒྱུད་»ཡིན།
ཁང་མིག་གྲུ་བཞི་འདིས་ང་ལ་རྙིང་དྲགས་པའམ་མང་དྲགས་པའི་ཚོར་བ་ཞིག་སྟེར།
སྒེའུ་ཁུང་ནས་ལྟ་དུས་ཕྱི་རོལ་གྱི་འཇིག་རྟེན་དེས་ཀྱང་ང་ལ་སུན་སྣང་ལྕི་མོ་ཞིག་ཁོ་ན་སྐྱེད་ཀྱིན་འདུག
ཕྱི་ལ་ཉུལ་རུང་གོམ་པ་གང་དུ་སྤོས་པའི་ས་དེར་ཉམས་དགའ་བའི་སྣང་བ་ཞིག་ཡེ་ནས་ཡོང་གི་མི་འདུག
གྲོགས་པོ་ཚོས་ཅི་ཞིག་གི་སྐོར་ལ་གླེང་རུང་།
དྲྭ་རྒྱའི་ནང་ནས་ཅི་ཞིག་ལ་བལྟས་རུང་།
དེ་དག་གང་གིས་ཀྱང་ང་ལ་སྤྲོ་བ་ཞིག་མི་སྟེར།
ང་རང་གིས་དེ་སྔ་ཧ་ཅང་འགངས་ཆེན་དུ་བརྩིས་པའི་ལས་དོན་འགར།
གྲུབ་འབྲས་གང་ལ་གང་མཆམས་ཐོན་གྱིན་འདུག་སྟེ།
ད་ལྟ་དེ་དག་གིས་ཀྱང་ང་ལ་ཚོར་བ་ཞིག་ལྷག་པོར་སྟེར་གྱི་མི་འདུག
ང་སྙིང་པོ་མེད་པའི་ནམ་ཟླ་ཞིག་སྐྱོང་བཞིན་ཡོད།
དོ་ཞག་ང་ལ་གང་ཡང་བྱེད་འདོད་པའི་ཡི་ག་མི་འདུག
ཡིན་ན་ཡང་། ངས་གང་ཞིག་བྱེད་མ་ནུས་པའམ།
ཅི་ཞིག་བྱ་རྒྱུར་ལྷག་ཡོད་པ་ལྟ་བུའི་སེམས་འཚབ་དྲག་པོ་ཞིག་གིས།
ང་རྩ་བ་ནས་སྡོད་དུ་འཇུག་གི་མི་འདུག
དེས་ན་དོ་ཞག་ང་ལ་དལ་བ་ཞིག་ཡེ་ནས་མེད།
ནམ་ཟླ་འདི་ང་ལ་མཚོན་ན་མུན་ནག་གི་ནམ་ཟླ་ཞིག་སྟེ།
ངའི་མཉམ་དུ་ད་ལྟ་ང་རང་གི་གྲིབ་མ་ཡང་མེད།
ཐ་མག་ཧུབ་རེ་གཉིས་བཏུངས་ནས་མེ་གསོད་ཀྱིན་ཡོད།
སླར་ཡང་མེ་སྒྲོན་གྱིན་ཡོད།
ཕྱི་ལ་འགྲོ་བཞིན་ཡོད།
སླར་ཡང་ནང་ལ་འཛུལ་གྱིན་ཡོད།
བྱ་བ་གང་ཞིག་བྱས་རུང་དེ་ལ་སེམས་པ་ཆགས་ཀྱི་མི་འདུག
རྩོལ་བ་ཅི་ཞིག་ལ་ཞུགས་རུང་དེ་དག་གི་མཇུག་བསྡོམས་དེ་ཤུགས་རིང་ཞིག་ཁོ་ན་ཆགས་ཡོད།
ཐད་ཀར་བཤད་ན།
བྲིས་ནོར་ཤོར་བའི་གཏམ་རྒྱུད་འདིས་ང་གསོན་པོར་ཟ་བཞིན་འདུག
ངའི་ཕྱི་ནང་གསང་གསུམ་དང་མགོ་མཇུག་བར་གསུམ་གང་ཡང་མ་ལུས་པར་གཏམ་རྒྱུད་འདིས་ཟ་བཞིན་འདུག
གཏམ་རྒྱུད་འདི་ད་དུང་མཇུག་གྲིལ་མེད།
གཅིག་བྱས་ན་གཏམ་རྒྱུད་འདི་མཇུག་མ་གྲིལ་བའི་གོང་ལ།
ངས་ང་རང་ལ་མཇུག་སྡོམ་རྒྱག་ཀྱང་སྲིད།
གྲོགས་པོ་ཚོ། འདི་ནི་ང་ཡི་ཁ་ཆེམས་མ་ཡིན་ཏེ།
གང་གིས་ན། ད་ཆ་ང་ལ་ཁ་ཆེམས་འཇོག་པའི་སྤྲོ་བ་དེ་ཡང་མེད།
གང་ལྟར་གཏམ་རྒྱུད་འདི་ད་དུང་མཇུག་གྲིལ་མེད།
མི་ཚེར་སྤྲོ་སེམས་འཁོལ་བའི་དུས་སྐབས་ཤིག་སྨྱུག་མིང་ལ་མེ་ལོང་དུ་འབོད་མྱོང་བའི་མི་ཞིག་གིས་ ༢༠༢༡ ཟླ་ ༠༥ ཚེས་ ༠༨ ཉིན་བྲིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-བྲིས་ནོར་ཤོར་བའི་གཏམ་རྒྱུད།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།