རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 19 May 2021

ཁྱེད་ཀྱི་ཉིན་མོ།

གངས་སེང་དཀར་མོ།


ལྷ་མོ་ཞིག་གིས་ཡང་ཡང་རྨིས་པའི་རྨི་ལམ་མངོན་དུ་འགྱུར་ཉིན་ཡིན།།
རྒྱལ་པོ་ཞིག་ཀྱང་སྨྱོ་ལ་ཁད་པའི་ཡ་ཁོག་སྡུག་གིས་སངས་ཉིན་ཡིན།།
ཚངས་དབང་ལྷ་དང་སྲུང་མ་དེ་ཚོས་སྙན་པའི་རྔ་ཆེན་རྡུང་ཉིན་ཡིན།།
འབངས་མི་དག་ཀྱང་སུན་པ་མེད་པར་ཞབས་ཀྱི་པདྨོར་འདུད་ཉིན་ཡིན།།

ལྗོན་ཤིང་སྟོང་ལ་མེ་ཏོག་འབུས་ཤིང་འབྲས་བུའི་ཁུར་གྱིས་དུད་ཉིན་ཡིན།།
ལྔ་ཕྲག་མང་པོའི་མཛེས་པ་འཕྱུར་བའི་ས་དང་བར་སྣང་དགོད་ཉིན་ཡིན།།
ཕྱོགས་མཚམས་མེད་པར་ཕོ་བྲང་དེ་ལ་སྐྱེས་ཀྱི་སྤྲིན་ཕུང་འཁྲིགས་ཉིན་ཡིན།།
ལུམ་བིའི་ཚལ་གྱི་བླག་ཤའི་ཤིང་ཡང་མཆོད་པའི་རྟེན་དུ་འཕགས་ཉིན་ཡིན།།

ཟླ་བ་འདྲ་བའི་བསིལ་ཟེར་ཅན་དེ་ཆུ་བུར་མིག་གིས་མཇལ་ཉིན་ཡིན།།
ཕྱག་ཞབས་འཁོར་ལོས་མཛེས་པ་དེ་ཡང་སྤོས་ཆུའི་ཁྲུས་ཀྱིས་མཆོད་ཉིན་ཡིན།།
སེར་སྐྱའི་གྲོང་ལ་ཕྱི་ཐག་ཅན་ཚོའི་སེམས་ཁོང་རེ་བས་ཁེངས་ཉིན་ཡིན།།
དྲང་སྲོང་ཚོས་ཀྱང་མངོན་པར་བསྟོད་པའི་ཤིས་ཚིག་མགུལ་ལ་སྒྲོན་ཉིན་ཡིན།།

ལེགས་བྱས་ཚོགས་ཀྱི་འབྲས་བུ་འདི་ཀོ་དུས་འདི་ཉིད་ལ་སྨིན་ཉིན་ཡིན།།
ཆོས་ལུགས་ཤིག་གི་སྟོན་པ་སེར་པོ་འཇིག་རྟེན་འདི་ཀར་འཁྲུངས་ཉིན་ཡིན།།
ནག་ཕྱོགས་བདུད་ཀྱིས་ཐུབ་པ་མེད་པའི་ལྷ་གཅིག་མི་རུ་འཕྲུལ་ཉིན་ཡིན།།
ས་ཡང་རྣམ་པ་དྲུག་ཏུ་གཡོ་བའི་ངོ་མཚར་ལྟས་བཅས་འབྱུང་ཉིན་ཡིན།།

མ་མ་གཅིག་གིས་བརྩེ་བ་དྭངས་མས་མ་བཞིན་གཅེས་ཕྲུག་སྙོར་ཉིན་ཡིན།།
རོལ་མོ་དང་ནི་གླུ་དང་གར་གྱིས་རྒྱས་པའི་བཙས་སྟོན་བཤམས་ཉིན་ཡིན།།
འཁྲུངས་མ་ཐག་ནས་གོམ་པ་བདུན་བདུན་མེ་ཏོག་ཆར་གྱིས་བསུ་ཉིན་ཡིན།།
མི་ཡུལ་འདིར་ཡང་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་བཟང་པོ་ཚེས་ཉིན་ཡིན།།

ལྷས་བྱིན་ཚང་གི་ཨ་མའི་ཁོག་ལ་སྡུག་གི་མུན་པ་འཐིབས་ཉིན་ཡིན།།
ཕུ་བོའི་ཞེ་དཔང་རྡོ་ལས་སྲ་བས་ལྷ་ཡང་བདུད་དུ་དགར་ཉིན་ཡིན།།
བྲེ་བོ་ཟས་ཀྱིས་ལྐུགས་ཇུས་ངན་པའི་མཚང་སྣེ་དགྲ་ལ་གཏོད་ཉིན་ཡིན།།
འུག་པའི་མིག་ཀྱང་བྲེད་ཤ་ལང་བའི་བརྩེ་ཆེན་མཚོ་རུ་འཁྱིལ་ཉིན་ཡིན།།

༢༠༢༡/༥/༡༩

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།