སྤྲུལ་སྐུ་འཆི་མེད་ཚེ་དབང་།
སྡེ་དགེ་པར་ཁང་ཆེན་མོ་ཆོས་མཛོད་བཀྲ་ཤིས་སྒོ་མང་ནི། མདོ་ཁམས་སྡེ་དགེ་རྒྱལ་པོའི་རྒྱལ་ས་ལྷུན་གྲུབ་སྟེང་དུ་ཆགས་ཤིང་། ཕྱི་ལོ་༡༧༢༩ ལོར་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ཕྱག་བཏབ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཤིང་པར་དུ་བརྐོས་ཤིང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞུ་ཆེན་མཛད།
ཆོས་རྒྱལ་བླ་ཆེན་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བསྟན་འགྱུར་ཤིང་པར་དུ་བརྐོས་ཤིང་། མཁས་དབང་ཚུལ་ཁྲིམས་རིན་ཆེན་གྱིས་ཞུ་ཆེན་མཛད། གཞན་ཡང་ཀློང་ཆེན་མཛོད་བདུན། པདྨ་བཀའ་ཐང་། ཀླུ་འབུམ་དཀར་ནག་ཁྲ་གསུམ། མ་ཎི་བཀའ་འབུམ། གཟུངས་བསྡུས། མདོ་སྡེ་སྐལ་བཟང་། གྲ་ཏོག་གསེར་གསུམ། བཟོ་གསོ་སྒྲ་ཚད་སོགས་ཐོར་བུ་ཁག་པར་དུ་བརྐོས། དེ་རྗེས་སྡེ་དགེའི་བཙུན་མོ་ཚེ་དབང་ལྷ་མོས་རྙིང་མ་རྒྱུད་འབུམ་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་འབུམ་སོགས་ཤིང་པར་དུ་བརྐོས་ཤིང་། དགེ་རྩེ་མ་ཧཱ་པནྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་སོགས་ཀྱིས་ཞུ་ཆེན་མཛད།
ཆོས་རྒྱལ་འཆི་མེད་རྟག་པའི་རྡོ་རྗེའི་སྐབས་སུ་སྒྲུབ་ཐབས་ཀུན་བཏུས་ཤིང་པར་དུ་བརྐོས། ཆོས་རྒྱལ་ཨ་ཇ་འཆི་མེད་རྡོ་རྗེ་སེངྒེའི་དུས་སུ་རྒྱུད་སྡེ་ཀུན་བཏུས། ཀུན་མཁྱེན་གོ་རམས་པའི་གསུང་འབུམ། རོང་སྟོན་དང་གཡག་སྟོན་བཀའ་འབུམ། ངོར་ཆེན་ཀུན་དགའ་བཟང་པོའི་བཀའ་འབུམ། མཉམ་མེད་དྭགས་པོ་ལྷ་རྗེའི་བཀའ་འབུམ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་དང་། རྗེ་བློ་བཟང་གྲགས་པའི་བཀའ་འབུམ། ས་སྐྱའི་ལམ་འབྲས་ཆོས་སྐོར་ཆ་ཚང་བརྐོས། ལྷ་སྲས་ཚེ་དབང་བདུད་འདུལ་རྡོ་རྗེའི་སྐབས་སུ་འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་འབུམ་དང་། མི་ཉག་ཀུན་བཟང་བསོད་ནམས་སོགས་ཀྱི་གསུང་འབུམ་པར་དུ་བརྐོས།
ཕྱིས་རིག་གནས་གསར་བརྗེ་མཇུག་བསྒྲིལ་རྗེས། སྔོན་གྱི་པར་ཤིང་ཉམས་པ་གསོ་བ་དང་། རིན་ཆེན་གཏེར་མཛོད་ཆེན་མོ་སོགས་གསར་དུ་བརྐོས་པ་བཅས་ཡོངས་བསྡོམས་པར་ཤིང་འབུམ་གསུམ་ལ་ཉེ་བ་ཡོད། འདི་ལྟ་བུའི་པར་ཤིང་ནི་བོད་གངས་ཅན་ལྗོངས་ཙམ་མ་ཟད་འཛམ་བུ་གླིང་འཁྱོན་ཡོངས་ལའང་དཀོན་པས་བླ་ན་མེད་པའི་མེས་པོའི་ཤུལ་བཞག་དང་། མི་རིགས་ཀྱི་རིག་གནས། ཆོས་ལུགས་ཀྱི་གཅེས་ནོར་བླ་ན་མེད་པའོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-སྡེ་དགེ་པར་ཁང་ཆེན་མོ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།








No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།