རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 21 January 2024

བླ་མ་ཉི་མ་རིན་པོ་ཆེ་མཆོག་གི་མཛད་རྣམ་ཅུང་ཟད་བརྗོད་པ་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ།

༄༅། །དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཡར་རྒྱས་ཚོགས་པའི་ཚོགས་ཁང་གསར་བཞེངས་ལེགས་གྲུབ་བྱུང་བའི་དགའ་སྟོན་དང་འབྲེལ། སྐྱིད་སྡུག་ཚོགས་གཙོ་ཉི་མ་རིན་པོ་ཆེ་མཆོག་གི་མཛད་རྣམ་ཅུང་ཟད་བརྗོད་པ་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་ཞེས་བྱ་བ་བཞུགས་སོ།།  

རྩོམ་པ་པོ། སྤྲུལ་འཆི་མེད་ཚེ་དབང་། 


གངས་ཅན་མངའ་རིས་དོལ་པོའི་ཡུལ་ཞེས་དགེ་བཅུ་ཕུན་སུམ་ཚོགས་པའི་གནས།། 
མ་སྨད་འོད་གསལ་ལྷ་ནས་ཆད་པའི་མྱང་སྟོད་སྟག་རོང་རྒྱལ་པོའི་རྒྱུད།། 
གབ་པ་ཞེས་བྱ་རིགས་ཀྱིས་མཐོ་བ་སཱ་ལའི་ལྗོན་ཤིང་ལྟ་བུ་ལས།།
 དོལ་ཕྱོགས་སྤྱི་མཐུན་བསོད་ནམས་དཔལ་དུ་མཚན་དཔེའི་མེ་ཏོག་འདབ་སྟོང་བཞད།།

 ཆུང་ངུའི་དུས་ནས་དམར་སྒོམ་གྲུབ་ཐོབ་སོགས།། 
དམ་པའི་སྐྱེས་ཆེན་དུ་མའི་ཞབས་ཀྱི་རྡུལ།།
སྤྱི་བོ་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ།།
 ཉེར་བླངས་ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱས།།

ལྷག་པར་ཙནྡན་ནགས་ཚལ་དཀྲིགས་པའི་འཕགས་ཡུལ་ལྷོ་ཕྱོགས་བེ་ཏའི་ཡུལ།།
ཡང་དར་བསྟན་པའི་སྲོག་ཤིང་གཅིག་པུ་ཐེག་མཆོག་རྣམ་གྲོལ་ག་ལ་བར།། 
རིགས་བདག་གྲུབ་མཆོག་འཁོར་ལོའི་མགོན་པོའི་ཞབས་པད་སྤྱི་བོས་བཏེགས་པ་ལས།།
ལེགས་འོངས་གདམས་ངག་བདུད་རྩི་མངར་མོས་རང་རྒྱུད་བུམ་པ་གང་བར་མཛད།། 

དེ་རྗེས་ཤར་ཕྱོགས་ཐའི་ཝན་མཚོ་གླིང་དུ།།
གངས་ལྗོངས་དོལ་པོའི་ཆོས་ཚོགས་བཙུགས་པ་ནས།། 
རང་ཡུལ་བླ་ཆེན་ཕལ་ཆེར་གདན་དྲངས་ཏེ།། 
རྟེན་གསུམ་ཉམས་པ་སླར་གསོའི་སྨན་དུ་གྱུར།། 

༸གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་དང་རབ་འབྱམས་སྨྲ་བའི་ཉི་མ་ལ།།
ཇི་ལྟར་གསོལ་བ་ཕུར་ཚུགས་བཏབ་དང་མཐུན་འགྱུར་གོ་སྒྲིག་ཞུས་པ་བཞིན།།
བལ་ཡུལ་དབུས་གྱུར་ཡམ་བུ་གྲོང་གི་བྱེས་ཀྱི་ཞེ་ཆེན་གདན་ས་རུ།། 
 རིན་ཆེན་གཏེར་མཛོད་དབང་ལུང་ཆེན་མོ་ལྗོངས་འདིར་ཐོག་མའི་ཆོས་སྒོ་ཕྱེ།། 

འཛམ་གླིང་ཡང་རྩེ་གངས་ལྗོངས་དོལ་པོ་ཡི།།
གནའ་བོའི་ཆོས་རིག་རྩ་བ་མི་སྐམ་ཞིང།།
དེང་རབས་ཤེས་ཡོན་རྩེ་མོ་འབུས་པའི་ཕྱིར།།
དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཚོགས་པ་བཙུགས།།

ལོ་ངོ་བརྒྱ་ཕྲག་ལོ་རྒྱུས་ལྡན་པའི་ཤེལ་རིའི་འབྲུག་ལོ་འཁོར་ཆེན་འདི།།
བལ་ཡུལ་རྒྱལ་ཡོངས་རང་བཞིན་ལྡན་པའི་མཛད་སྒོར་ངོས་ལེན་ཐོབ་པའི་ཆེད།།
བླ་ཆེན་དཔོན་ཆེན་གདན་འདྲེན་ཞུས་དང་ལོང་བ་གཤག་གཅོས་བྱེད་པ་སོགས།།
སྣ་ཚོགས་བྱེད་སྒོ་དུས་ལྟར་སྤེལ་བས་ད་ཆ་འབྲས་བུ་གཡུར་དུ་ཟ།།

རྒྱལ་གཞུང་རིན་མེད་སློབ་གྲྭ་མང་ན་ཡང་།།
ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད།།
ཕྱག་ན་པདྨོར་གསོལ་འདེབས་ཞུས་པ་ལྟར།།
བྱིས་པ་མང་པོ་བོད་ཕྲུག་ཁྱིམ་སྡེར་བཙུད།།

དལ་མེད་དུས་བཞིའི་འགྱུར་ལྡོག་ཁྲོད་ནས་ས་ལྡང་ལྷ་ཁང་ཆེན་མོ་ཉིད།།
འགོག་མེད་ཆར་རླུང་ཐིགས་པས་བརྡུངས་ནས་ཞིག་ཅིང་རལ་བར་གྱུར་པ་ན།།
ཕངས་མེད་གཏོང་ཕོད་ཕྱག་ཟུང་བསྐྱངས་ཏེ་རྨང་ནས་ཉམས་གསོ་གནང་བའི་མཐུས།།
འགྲན་མེད་བཟོ་བཀོད་ཕུལ་དུ་བྱུང་བ་དོལ་ཕྱོགས་ཡོངས་ཀྱི་མིག་དཔེར་གྱུར།།

གཞན་ཡང་དགོན་སྡེ་མཆོད་རྟེན་མཎ་གདང་དང་།།
སྨན་ཁང་སློབ་གྲྭ་ཉམ་ཐག་ནད་པ་སོགས།།
མཆོད་ཡུལ་སྦྱིན་ཡུལ་ཀུན་ལ་མཐུན་འགྱུར་གྱི།།
བཀའ་དྲིན་ཟབ་མོ་བསྐྱངས་པ་གྲངས་ལས་འདས།།

ཤར་པ་ཡོལ་མོ་གློ་བོ་མུ་ཁུམ་གླེ་མི་འོམ་ལྷོ་སྙེ་ཤང་སོགས།། 
གངས་ཅན་རི་བོའི་གསེང་ན་གནས་པའི་ཁྱིམ་མཚེས་ཡུལ་གྲུ་གཞན་དག་དང་།།
འདྲ་མཉམ་གོམ་ཁ་མདུན་ལ་སྤོ་བའི་ཐུགས་བསྐྱེད་སྐུ་ངལ་འཛེམ་མེད་འོག།
ད་ཆ་དོལ་པོ་སྤྱི་ལ་དབང་བའི་ཚོགས་ཁང་གསར་བཞེངས་ལེགས་པར་གྲུབ།།

སླད་མའི་ཆར་ཡང་གཟུགས་སྐུ་རྟ་ལྗང་ཅན།།
བར་ཆད་དགྲ་གཅན་གཡུལ་ལས་རབ་རྒྱལ་ཏེ།།
མཛད་ཕྲིན་མུ་མེད་འོད་ཟེར་སྣང་བ་ཡིས།།
དོལ་ཕྱོགས་གྲུ་བཞིའི་མུན་པ་སེལ་གྱུར་ཅིག།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།