མཁན་པོ་བསྟན་འཛིན་རྣལ་འབྱོར།
མཁས་གྲུབ་མར་པའི་སློབ་མ་ཡིན།།
དྭགས་པོ་ལྷ་རྗེའི་བླ་མ་ཡིན།།
སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཡིན།།
ཅང་མེད་སྤྲང་པོ་མི་ལ་ཡིན།།
གྲུབ་ཆེན་དབང་ཕྱུག་མི་ལ་ཡིན།།
དབུལ་ཕྱུག་གཉིས་ལས་འདས་པ་ཡིན།།
འཁོས་འདས་རོ་སྙོམས་རྟོགས་པ་ཡིན།།
ཕྱི་རུ་མདོ་མེད་སྤྲང་འཁྱམས་ཡིན།།
ནང་དུ་དགོངས་ཉམས་སངས་རྒྱས་ཡིན།།
ཕྱི་ནང་མངོན་གབ་མེད་པ་ཡིན།།
ཆོས་བརྒྱད་འདུ་འཛི་བྲལ་བ་ཡིན།།
བླ་མའི་བཀའ་བཞིན་བསྒྲུབས་པ་ཡིན།།
སྒྲུབ་ལ་སྙིང་རུས་འབད་པ་ཡིན།།
འབད་པས་དོན་འབྲས་གྲུབ་པ་ཡིན།།
སྒྲུབ་པ་མཐའ་རུ་ཕྱིན་པ་ཡིན།།
ཕྱི་ནས་གངས་ཀྱིས་ཐུམ་པ་ཡིན།།
ནང་ནས་གཏུམ་མོའི་མེ་འབར་ཡིན།།
འབྱུང་ལྔའི་ལུས་ལ་དབང་བསྒྱུར་ཡིན།།
གཏུམ་མོའི་ཆོས་ཀྱི་བདག་པོ་ཡིན།།
དཀའ་སྤྱད་མེ་ལ་བསྲེག་བསྲེག་ཡིན།།
སྙིང་རུས་བཅད་བཅད་བརྡར་བརྡར་ཡིན།།
བཅོས་ལྷད་དྲི་མས་མ་བགོས་པའི།།
རིན་ཆེན་གསེར་ལས་དཀོན་པ་ཡིན།།
སྡུག་པའི་འཁུན་སྒྲས་ངུས་པའང་ཡིན།།
སྐྱིད་པའི་མགུར་གླུ་ལེན་པའང་ཡིན།།
སྐྱིད་སྡུག་རེས་ཀྱིས་མྱོང་བའང་ཡིན།།
མཐའ་མ་རེ་དོགས་ཀུན་བྲལ་ཡིན།།
གང་དྲན་དད་པས་བཏུས་པ་ཡི།།
བསྟོད་ཚིག་མེ་ཏོག་མཆོད་པའི་རྫས།།
སྙིང་ཁར་ཟུམ་པའི་ལག་པད་བཅས།།
རྗེ་བཙུན་ཞབས་པད་གདན་དུ་ཕུལ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།