རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 2 September 2022

མི་ཡི་མིང་འདོགས་སྟངས་ལ་འགྱུར་ལྡོག་ཕྱིན་པའི་མཐོང་ཚུལ་ཞིག

སློབ་སྤྲུལ་འཆི་མེད་ཚེ་དབང་དོལ་པོ།


དེང་སང་ཨ་མདོའི་ཕྱོགས་ན་ཚེག་ཁྱིམ་གསུམ་ཅན་གྱི་མིང་ཧ་ཅང་མང་སྟེ། བུ་ལ་དོན་གྲུབ་རྒྱལ། སྨན་བླ་སྐྱབས། པདྨ་འབུམ་དང། བུ་མོ་ལ་ཀླུ་མོ་མཚོ། ལྷ་ལུང་མཚོ། བསོད་ནམས་སྐྱིད་ལྟ་བུའོ། །མིང་འདི་དག་ཨ་མདོ་ཕྱོགས་དང་ཁམས་ཀྱི་མཐའ་མཚམས་ས་ཆ་འགར་མ་གཏོགས། དེང་སང་དབུས་གཙང་གཉིས་དང་། མངའ་རིས། དེ་བཞིན་ཧི་མ་ལ་ཡའི་རི་གསེང་དུ་འཚོ་བའི་བོད་རིགས་རྣམས་ཀྱིས་འདོགས་སྲོལ་མེད་སྟབས། མང་པོ་ཞིག་གིས་མིང་འདོགས་སྟངས་འདི་ཨ་མདོའི་ཐུན་མིན་སྲོལ་རྒྱུན་ཞིག་ཡིན་པར་སེམས་ཀྱི་ཡོད། ཡིན་ནའང་རང་རེའི་ལོ་རྒྱུས་ཡིག་ཚང་ཁག་བསྔོགས་ན། དབུས་གཙང་དང་མངའ་རིས་སོགས་སུའང་ཚེག་ཁྱིམ་གསུམ་ཅན་གྱི་མིང་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། དཔེར་ན་བཙན་པོའི་རྒྱལ་རབས་སྐབས་ཆོས་རྒྱལ་སྲོང་བཙན་གྱི་སྐུ་མཆེད་སྲས་མོ་སད་མ་ཀར་དང་། བཙུན་མོ་ཞང་ཞུང་བཟའ་ལི་ཐིག་སྨན། ཁྲི་སྲོང་གི་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང་། སྲས་མོ་པདྨ་གསལ། ཤེལ་དཀར་རྡོ་རྗེ་མཚོ་སོགས་ནི་རང་རེ་ལ་ཡོངས་སུ་གྲགས།

     ལྷག་པར་དུ་སིལ་བུའི་དུས་སྐབས་ནས། མངའ་རིས་སྐོར་གསུམ་བདག་གིར་བཞེས་པའི་བཙན་པོ་ཉི་མ་མགོན། དེའི་སྲས་ལ་དྭགས་རྒྱལ་པོ་རིག་པ་མགོན། ཟངས་དཀར་རྒྱལ་པོ་ལྡེ་བཙུག་མགོན། པུ་རངས་རྒྱལ་པོ་བཀྲ་ཤིས་མགོན་བཅས་སྟོད་ཀྱི་མགོན་གསུམ། ཡེ་ཤེས་འོད་དང་། བྱང་ཆུབ་འོད། ཞི་བ་འོད་བཅས་ལྷ་བཙུན་རྣམ་པ་དང་། མི་ལ་ཐོས་པ་དགའ། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ། མངའ་རིས་སྨད་གུང་ཐང་གི་བཙན་པོ་འོད་ཟེར་ལྡེ། དབང་ཕྱུག་ལྡེ། ཆོས་སྐྱོང་ལྡེ། འབུམ་ལྡེ་མགོན་དང་། འཇམ་མགོན་ས་པཎ་གྱི་ཡབ་དཔལ་ཆེན་འོད། ཟུར་བཟང་པོ་དཔལ། རྒྱལ་བ་ཀློང་ཆེན་པའི་ཡབ་བསྟན་པ་སྲུང་། གཏེར་ཆེན་རཏྣ་གླིང་པའི་ཡབ་མདོ་སྡེ་དར་སོགས་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གཅེན་མོ་མངའ་རིས་གུང་ཐང་གི་ཁབ་ལ་ཕེབས་པ་ཉི་མ་འབུམ་དང་། གུང་ཐང་རྒྱལ་པོ་འབུམ་ལྡེ་མགོན་གྱི་ཨ་ནེ་ར་ལའི་བཙུན་མ་བྱང་ཆུབ་འདྲེན།

     རྗེ་བཙུན་མི་ལའི་མ་ཡུམ་དཀར་མོ་རྒྱན་དང་། གཅུང་མོ་མགོན་མོ་སྐྱིད། ལྷ་རྗེ་ཟུར་ཆུང་པའི་མ་ཡུམ་ཤེས་རབ་སྐྱིད། ཆོས་རྒྱལ་འཕགས་པའི་མ་ཡུམ་ཀུན་དགའ་སྐྱིད། ཀུན་མཁྱེན་ཀློང་ཆེན་པའི་མ་ཡུམ་བསོད་ནམས་རྒྱན། ཀུན་མཁྱེན་དོལ་པོ་པའི་མ་ཡུམ་ཚུལ་ཁྲིམས་རྒྱན། མངའ་རིས་པཎ་ཆེན་གྱི་མ་ཡུམ་ཁྲོམ་པ་རྒྱན། འགོས་ལོ་གཞོན་ནུ་དཔལ་གྱི་མ་ཡུམ་སྲིད་ཐར་སྐྱིད་སོགས་ཧ་ཅང་མང་། གཞན་ཡང་དོལ་པོ་ས་ལྡང་པའི་ཀོ་ཕོའི་རུས་ཡིག་ཏུའང་། མི་ཐོག་དང་པོ་གཉིས་པ་སོགས་ལ་ཚེག་བར་གསུམ་ཅན་གྱི་མིང་མང་སྟེ། དཔེར་ན་བདག་དགྲ་ལས་རྒྱལ། ཚེ་སྨད་དུ་བུ་ཞིག་ཀྱང་བྱུང་བས་བསམ་དོན་གྲུབ་པས་མིང་དོན་གྲུབ་རྒྱལ་ཐོགས་ཤིག་དང་། དེ་ལ་ནུ་བོ་ཞིག་ཀྱང་བྱུང་བས་དོན་ནུ་དཔལ་བཏགས་ཚུལ་སོགས་བྱུང་། འོན་ཀྱང་དུས་རབས་བཅུ་དྲུག་བཅུ་བདུན་ཙམ་ནས་སྲོལ་དེ་རྩ་ནུབ་སོང་སྟེ། ད་ཆ་པདྨ་བཀྲ་ཤིས། བསྟན་འཛིན་དོན་གྲུབ། ཀརྨ་རིན་ཆེན། ཚེ་རིང་གཡང་འཛོམས། བཀྲ་ཤིས་བཟང་མོ། བསོད་ནམས་བུ་ཁྲིད་སོགས་ཚེག་ཁྱིམ་བཞི་ཅན་ཤ་སྟག་བྱུང་འདུག

དྲན་ཚུལ་གློ་བུར་བ་ཞིག་ཡི་གེར་ཕབ་པའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།