༼གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གོད་ཆགས་མཐོང་རྗེས།༽
རྩོམ་པ་པོ། དོལ་པོ་སྤྲུལ་འཆི་མེད་ཚེ་དབང་།
གསེར་གྱི་རྟ་ཕོ་འཚེར་བའི་གནས་མཆོག་ན།།
གཡུ་ཡི་མཎྜལ་བཤམས་པའི་འགྱིང་ཁུག་དེར།།
བྱུ་རུ་ཐང་མར་བརྡལ་བའི་ཚོམ་བུ་ལ།།
རྐྱེན་ངན་བེར་ཀས་གཏོར་བའི་གཏམ་ངན་ཐོས།།
འདི་ནས་མི་ལོ་བཅུ་ཕྲག་འགའ་ཡི་སྔོན།།
དཔུང་པ་ལྕགས་ལས་གྲུབ་པའི་རྒད་པོ་ཞིག།
ཕྱོགས་བཞི་འུབ་ཀྱིས་བསྡུས་ནས་འདིར་སྤུངས་པས།།
དགོན་པ་དགོན་པའི་གྲོང་ཁྱེར་འཁྱིལ་བར་བྱས།།
མི་ཕམ་རྒྱ་མཚོའི་གསང་ཚིག་མ་གཏོགས་པར།།
མཁས་མཁས་འཇོན་འཇོན་ཕལ་གྱི་ལབ་རྡོལ་ལ།།
ཡིད་རྟོན་མི་བྱེད་ཟེར་བའི་བུ་ཕྲུག་ཚོས།།
གནས་ལྔའི་ཁོག་པ་དབྲལ་བ་ངོ་ཐོག་རེད།།
ནུབ་ཀྱི་བེམ་པོར་བརྟག་པའི་མགོ་སེར་དང་།།
ཤར་གྱི་ཤེས་པར་དཔྱོད་པའི་གོས་སེར་གཉིས།།
འགལ་བའི་སེར་ཀ་མཐུད་པའི་འབྱར་རྩི་ཅན།།
འདི་ན་ཡོད་པར་གྲགས་པའང་ཕྱེད་ཙམ་བདེན།།
རིག་པའི་གཤོག་རྩལ་རྒྱས་པའི་རྒོད་པོ་ཁྱུ།།
ས་ཆེན་ཤེད་ཀྱིས་སྐོར་བའི་ལམ་བར་དུ།།
བཙན་གཡེམ་འོག་གི་དབྱངས་གསལ་སོ་བཞི་བོར།།
འདྲ་མིན་བུ་ཕྲུག་སྐྱེ་ལ་ངོ་རྒོལ་བྱས།།
ཁྱུང་ཆེན་མཁའ་ལ་ལྡིང་བའི་ཉམས་འགྱུར་ལ།།
མ་བཟོད་ཤོག་སྒྲོ་སྔ་སར་གཏུབས་ཚར་མོད།།
ད་དུང་ལྗོན་པའི་ཡལ་འདབ་བཅག་གྱུར་ན།།
བྱེའུ་ཆུང་མཇོལ་མོའི་གནས་ཚང་གང་དུ་འཚོལ།།
སེམས་ཀྱི་དག་པའི་ཞིང་ལ་ཐལ་འཚུབ་དང་།།
དགྱེས་བྲལ་ངུ་ཤུམ་བྱེད་པའི་སྣང་ཚུལ་དག།
མ་བསམ་སྒོ་ལྔའི་བུ་གར་འཚངས་བྱས་པས།།
མི་བདེན་ཟེར་ན་བླུན་པོའི་རང་མཚང་ཙམ།།
སྲམ་ལ་གྲོགས་པོ་འཆོལ་བའི་འུག་རྒན་འགའ།།
རིགས་མཐུན་སྤུན་ལ་ཁྲེལ་དགོད་བྱེད་སྲིད་ཀྱང་།།
ཉི་འོད་མཐོང་ལ་དགའ་བའི་ལྷ་བྱ་ཀུན།།
སྨག་རུམ་འཐིབས་པོར་སྐྱོ་བ་ཅིས་མི་སྐྱེ།།
གཞན་སེམས་འཁྲུག་པའི་ཁྱེམ་བུ་མི་དགོས་སོ།།
རང་ཚུགས་ཁ་ཕོ་ནང་དུ་བསྡམས་བྱས་ཏེ།།
གང་དུ་འགྱེལ་ས་དེ་ནས་ལོངས་ཤོག་དང་།།
ཁྱེད་ཅག་མདུན་ན་རྒྱལ་ཁའི་འོད་སྣང་ཡོད།།
ལོ་མཐའི་ཙན་དན་དགའ་ཚལ་སྐྱིད་མོད་ཀྱང་།།
བྱང་གི་ཤུག་སྡོང་འགྱེལ་བའི་ཆོོབ་སྒྲ་ལ།།
མ་བཟོད་ཚོར་བ་གཟུགས་སུ་བགྱིས་པ་འདི།།
ཆོས་དང་རིགས་རྒྱུད་གཅིག་པའི་ལ་རྒྱ་ཡིན།།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།