གསུང་བཤད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
ཡིག་འབེབས་པ། ཀོང་སད།
བོད་འདིར་སྔོན་ཇོ་བོ་རྗེ་བོད་དུ་བྱོན་པ་ནས་བཟུང་། ཇོ་བོ་བཀའ་གདམས་པའི་གཞུང་དེ་ཚོར་ཧ་ཅང་གིས་ཐུགས་རྩིས་ཆེན་པོ་མཛད་ཅིང་། བཀའ་གདམས་གཞུང་དྲུག་ཅེས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཉམས་ལེན་མཛད་པའི་གཞུང་གཙོ་བོ་དྲུག་སྟེ། སྐྱེས་རབས་དང་། ཆེད་དུ་བརྗོད་པའི་ཚོམས་གཉིས་དད་པའི་གཞུང་དང་། བྱང་ས་དང་། མདོ་སྡེ་རྒྱན་གཉིས་ཏིང་ངེ་འཛིན་གྱི་གཞུང་དང་། སྤྱོད་འཇུག་དང་། བསླབ་བཏུས་གཉིས་སྤྱོད་པའི་གཞུང་། ཞེས་གནའ་བོའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་བོད་ཀྱི་ན་ལེནྡྲ་གཉིས་པ་ཞེས་གསང་ཕུ་ནེའུ་ཐོག་ཏུ་འཆད་ཉན་མཛད་དེ། བོད་གངས་ཅན་གྱི་ལྗོངས་སུ་མཁས་པ་རྒྱུན་མར་བྱུང་།
སྐབས་དེར་མཁས་པ་རྣམས་ཀྱིས་ཉམས་ལེན་གྱི་གཞུང་དག་ལ་ཧ་ཅང་གཙིགས་སུ་འཛིན་ཞིང་། འཆད་ཉན་བྱས་པ་དང་གཙོ་བོ་ཉམས་ལེན་གྱི་ཕྱོགས་ནས་དམིགས་བསལ་གྱི་ཁྱད་ཆོས་ཐོན་ཡོད་པ་རེད། དེ་ནས་བར་སྐབས་ཤིག་ནས་བོད་ཀྱི་བཤད་གྲྭ་རྣམས་སུ། གཞུང་བཀའ་པོད་ལྔ་གཙོ་བོར་བཟུང་ནས། བཀའ་གདམས་པའི་གཞུང་དག་ལ་འཆད་ཉན་ལྷོད་པར་གྱུར་ཞིང་། བཀའ་པོད་ལྔའི་འཆད་ཉན་རྒྱ་ཆེར་དར་ཡང་དེ་ལྔ་ལས། ཚད་མའི་གཞུང་དུ་མདོ་སྡེ་པ་དང་སེམས་ཙམ་པས་འདོད་པའི་ཚད་འབྲས་སོགས་ཐ་སྙད་ཀྱི་རྣམ་གཞག་རྒྱ་ཆེར་བསྟན་མོད་ཀྱི། འོན་ཀྱང་ངོ་བོའི་སྒོ་ནས་རྟོག་གེ་རིགས་པ་ཞིག་ཡིན་པ་དང་། འདུལ་བ་ནི་སྤྱིར་ཉན་ཐོས་ལུགས་ཀྱི་འདུལ་བ་དང་། མངོན་པ་མཛོད་ཀྱང་ཉན་ཐོས་ལུགས་ཡིན་པས་ན། བཀའ་པོད་ལྔ་ལས་དེ་གསུམ་ཕར་ཕུད་ན་ཐེག་ཆེན་ལ་དབུ་མ་དང་མངོན་རྟོགས་རྒྱན་གཉིས་ལས་ལྷག་མེད་པ་རེད།
སྤྱིའི་ཆ་ནས་དབུ་མ་དང་མངོན་རྟོགས་རྒྱན་གཉིས་ཀྱི་ནང་དུ་མ་འདུས་པ་ཞིག་མེད་མོད། དབུ་མའི་གཞུང་དུ་གཙོ་བོ་སྟོང་ཉིད་གཏན་ལ་ཕབ་ཡོད་པས། སྤྱོད་པའི་ཕྱོགས་རྒྱ་ཆེར་བསྟན་ཡོད་པ་ནི་པོད་ལྔ་ལས་མངོན་རྟོགས་རྒྱན་ཁོ་ན་ཡིན་མོད། ཡིན་ཡང་མངོན་རྟོགས་རྒྱན་དེ་བོད་ཀྱིས་འཆད་ཉན་བྱེད་ལུགས་དེ། གཙོ་བོ་དཀའ་གནད་སྐོར་རྩལ་ཏུ་བཏོན་ནས་རིགས་ལམ་ཕྱོགས་ལ་སྐོར་བ་ལས། དཔེར་ན། བསླབ་བཏུས་དང་བྱང་ས་ལྟ་བུ་ཐེག་པ་ཆེན་པོའི་སྤྱོད་པ་ཉམས་ལེན་གྱི་ཕྱོགས་བསྟན་པའི། རིན་པོ་ཆེ་མཛོད་ཁང་ལྟ་བུའི་བསྟན་བཅོས་དག་ལ་འཆད་ཉན་གྱི་སྲོལ་གྲྭ་ས་རྣམས་སུ་ད་ལྟའི་བར་དུ་ས་དགེ་བཀའ་རྙིང་གང་གིས་ཀྱང་དེ་ཙམ་དོ་སྣང་མེད་པས། བསླབ་བཏུས་དང་བྱང་ས་ལྟ་བུའི་གཞུང་དག་འཆད་ཉན་མ་བྱས་པ་ནི་ནོར་བ་རེད་ལ། ཡང་སྒོས་སུ་བོད་ཀྱིས་འཆད་ཉན་དེ་གཙོ་བོ་ཐོས་བསམ་དང་གཞུང་ལུགས་ལ་རིགས་པའི་ཞིབ་འཇུག་ཕྱོགས་སུ་ལྷུང་ནས། ཉམས་ལེན་གྱི་གཞུང་བྱམས་པ་དང་འབྲེལ་བའི་ཆོས་སྡེ་རྣམས་ལ་འཆད་ཉན་མེད་པ་དང་། བྱང་ཆ་མེད་ཅིང་ཆ་མ་ཚང་བ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད།
དེ་བས་མངོན་རྟོགས་རྒྱན་ཙམ་མ་ཟད། བསླབ་བཏུས་དང་བྱང་སའི་གཞུང་དག་ལ་འཆད་ཉན་ངེས་པར་དུ་ཡོད་དགོས་ཤིང་། བསླབ་བཏུས་དང་བྱང་སར་འཆད་ཉན་ཡང་དག་ཅིག་ཡོང་ན། ད་གཟོད་ཐེག་པ་ཆེན་པོའི་ཆོས་དེ་ཇི་ལྟར་ཞིག་ཡིན་པ་གོ་ཐུབ་ངེས་རེད། དེ་མིན་མགོ་སྨྲོས་པ་ཙམ་གྱིས་གོ་བའི་དབང་རྣོན་དག་ལ། མངོན་རྟོགས་རྒྱན་ལས་ལྷག་པ་ཅི་ཡང་མི་དགོས་ཀྱང་། དབང་རྟུལ་ལ་བྱང་ས་དང་བསླབ་བཏུས་མེད་ན། ཐེག་ཆེན་གྱི་ཆོས་དེ་ཇི་ལྟར་ཡིན་པ་དང་། ཁྱད་པར་ཉམས་ལེན་གྱི་སྐོར་ཇི་ལྟར་ཡིན་ཤེས་མི་ཐུབ། མདོ་སྡེ་རྒྱན་ནི་ཐེག་པ་མཐའ་དག་གི་དགོངས་འགྲེལ་ཡིན་པས། འདི་འཆད་ཉན་བྱེད་ན། ཐེག་པ་ཆེན་པོའི་ཆོས་མཐའ་དག་འཆད་ཉན་བྱེད་པའི་ཕན་ཡོན་ཡོད་པར་གསུངས་ཡོད་པས་མཐོང་ཆེན་དགོས་པ་དང་། ཇོ་བོ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཉམས་ལེན་བྱེད་ཚུལ་ཕུལ་དུ་བྱུང་བ་ནི། «ས་རྒྱན་སྦྱར་བའི་མན་ངག་»ཅེས། བྱང་ཆུབ་སེམས་དཔའི་ས་དང་མདོ་སྡེ་རྒྱན་གཉིས་ཀ་ཕན་ཚུན་ལྟོ་སྦྱར་ཏེ། དཔེར་ན་མངོན་རྟོགས་རྒྱན་གྱི་ཡུམ་སྲས་གཉིས་སྦྱར་ནས་འཆད་ལུགས་ལྟར་སྦྱར་ནས་ཉམས་ལེན་བྱེད་ལུགས་དེ་ཧ་ཅང་རྨད་དུ་བྱུང་བ་ཞིག་སྟེ། བྱང་སའི་ནང་དུ་མི་གསལ་བ་རྣམས། མདོ་སྡེ་རྒྱན་དུ་གསལ་ཁ་ཆེ་བ་དང་། མདོ་སྡེ་རྒྱན་ལས་གསལ་ཁ་མེད་པ་རྣམས། བྱང་སའི་ནང་དུ་གསལ་པོར་བསྟན་ཡོད་པས། ཉམས་ལེན་ཕྱོགས་མཐའ་དག་མཉམ་དུ་བསྒྲིགས་ན་ཕུན་སུམ་ཚོགས་པ་ཞིག་ཡོང་ངེས། མཁས་པ་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་ལས། «ས་རྒྱན་སྦྱར་བའི་མན་ངག་»ཅེས། གཞུང་ཆུང་ཆུང་ཞིག་ཡོད་པ་དེར་ཚང་མས་ལྟ་རྟོག་བྱོས།
མདོར་ན། ཇོ་བོ་བཀའ་གདམས་པའི་སྐབས་ཀྱི་འཆད་ཉན་བྱེད་པའི་གཞུང་དག་ལ་འཆད་ཉན་བག་ལ་ཞ་བ་ནི། བོད་ཀྱི་གྲྭ་ས་དག་གི་གྱོང་རྒུད་ཆེན་པོ་ཞིག་ཡིན་པས་བོད་ཀྱི་གྲྭ་ས་པ་རྣམས་ཀྱིས་བསླབ་བཏུས་དང་བྱང་ས་གཉིས་ལ་ངེས་པར་དུ་འཆད་ཉན་དགོས་འདུག དེ་གཉིས་ཀ་མ་གོ་ན་ཐེག་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གསལ་པོར་གོ་མི་ཐུབ་པ་དང་། མངོན་རྟོགས་རྒྱན་ནི་ཚིག་བསྡུས་པ་དང་བརྗོད་བྱ་ཟབ་པས། དབང་པོ་རྟུལ་པོ་རྣམས་ཀྱི་གོ་མི་ཐུབ་པས། ཇོ་བོ་བཀའ་གདམས་པའི་གཞུང་དག་ལ། ང་ཚོ་བོད་ཀྱི་གྲྭ་ས་རྣམས་ཀྱིས་རིས་མེད་ཐོག་འཆད་ཉན་གྱི་གོམས་སྲོལ་དེ་སླར་ཡང་བསྐྱར་གསོ་ཐུབ་ན། ཧ་ཅང་དོན་དག་ཆེན་པོ་དང་དོན་སྙིང་ལྡན་པས། གཞུང་པོད་ལྔར་ཐོས་བསམ་སློབ་གཉེར་རྒྱ་ཆེར་དགོས་མོད། དེའི་ཐོག་བྱང་ས་དང་བསླབ་བཏུས་དག་ཁ་སྣོན་བྱས་ན། ང་ཚོའི་ཐོས་བསམ་དང་ཉམས་ལེན་གཉིས་ཀ་དོ་མཉམ་པ་ཞིག་ཡོང་ངེས་ཡིན་པས། རྣམ་པ་ཚང་མས་ཐུགས་ལ་འཛིན་པར་ཞུ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།