རྩོམ་པ་པོ།
མཁན་རིག་དར།
གྲུབ་མཐའ་དང་ཆོས་རྒྱུན་རིས་མེད་ཀྱི་ཚོགས་འདུའི་སྐབས་སུ་གྲོས་ཆོད་བྱུང་བའི་དོན་ཚན་བརྒྱད་ལས།
དོན་ཚན་ལྔ་པ་ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་།
དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།
ཞེས་གྲོས་ཆོད་བྱུང་བའི་ནང་བཞིན་ད་སྔོན་བསླབ་པ་ཉམས་པའི་བླ་གྲྭ་སུ་ཡིན་ཡང་དགག་སྒྲུབ་ཀྱི་སྐད་ཆ་གང་ཡང་ཞུ་གི་མེད།
གཙོ་བོ་མ་འོངས་པར་བསླབ་པ་ཉམས་འགྲོ་མཁན་ཡོད་རིགས་རྣམས་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱི་འབྱམས་ཡིག་ཏུ་རྒྱུ་སྐར་གྱི་དབུས་ན་རི་བོང་འཛིན་པ་ལྟ་བུ་ཞེས་གསུངས་པ་ལྟར་གྱི་གང་ཟག་ཁྱད་པར་བ་མིན་ན་འདུལ་གཞུང་བཞིན་ལམ་ཁ་གཞན་དུ་འགྲོ་རོགས་ཞེས་འབོད་སྐུལ་གཏོང་གི་ཡོད་ལ། དེ་བཞིན་དུ་རབ་བྱུང་གི་སྡོམ་པ་རྒྱུད་ལ་བླངས་མེད་ཀྱང་གོས་ངུར་སྨྲིག་བགོས་ལ།
དོན་ལ་རབ་སྔགས་གང་དུའང་མི་གཏོགས་པ་མང་པོ་འདུག་པས་དེ་དག་ཀྱང་རབ་སྔགས་གང་རུང་གི་ལམ་ཁར་འགྲོ་རོགས་ཞེས་འབོད་སྐུལ་གཏོང་གི་ཡོད།
རྒྱུ་མཚན་ནི།
དགོན་སྡེ་རྣམས་ལ་རྒྱུས་ལོན་བྱས་པ་ན་དེང་སང་དགོན་སྡེ་མང་པོ་ཞིག་གི་གནས་བབ་ནི་རབ་སྔགས་དངོས་ལས་ལྡབ་ཉིས་འགྱུར་སུམ་འགྱུར་གྱིས་རབ་སྔགས་གང་དུ་ཡང་མི་གཏོགས་པའི་ཚུལ་ཁྲིམས་འཆལ་བ་དང་ཡང་ན་སྡོམ་པ་རྒྱུད་ལ་ལེན་མ་མྱོང་བའི་སེར་གོས་གྱོན་པའི་ཁྱིམ་ཐབས་པ་དག་གིས་མང་བར་འདུག
མ་འོངས་པར་ལམ་ཁ་འདི་དེད་ནས་མུ་མཐུད་དུ་སོང་ན་མི་རབས་འགའི་རྗེས་ནས་རབ་སྔགས་དངོས་ཉིན་མོའི་སྐར་མ་ཙམ་ལས་མེད་པའི་ཚོད་དུ་འགྲོ་བར་གོར་མ་ཆག་པ་རེད།
དེའི་ཕྱིར་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་བསྟན་པ་ལ་ཐུགས་བསམ་དཀར་ཞིང་བསྟན་པའི་གནད་མཁྱེན་པ་མང་པོ་ཐེངས་འགར་མཉམ་འཛོམས་ཐོག་གྲོས་ཆོད་བྱུང་བའི་ནང་བཞིན།
གཙོ་བོ་མ་འོངས་པར་བསྟན་པ་གཙང་མ་ལ་ཁ་ཕྱོགས་པར་རེ་ཞུའི་ཆེད་དུ།
ངེད་རིས་མེད་ཀུན་སྤྱོད་ཡར་སྐུལ་པ་དག་དགོན་སྡེ་མང་པོར་སོང་སྟེ་རེ་བསྐུལ་བྱས་ནས་གྲུབ་འབྲས་གང་འཚམས་བྱུང་ཡོད་ལ།
ཕྱིས་སུ་ཡང་འགྲོ་འཆར་ཡོད།
གཙོ་བོ་དགོན་པ་སོ་སོའི་དགོན་བདག་བླ་སྤྲུལ་དང་མཁན་དགེ་བཤེས་རྣམས་ཀྱིས་སོ་སོའི་ས་ནས་ལས་རིགས་འདི་ལ་ཐུགས་ཁུར་ཆེ་བཞེས་དང་། ངེད་ཅག་ལ་རོགས་དན་དང་རྒྱབ་སྐྱོར་མི་དམན་པ་གནང་བའི་རེ་ཞུ་དང་།
སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཏུ་གཏོགས་པ་རྣམས་ཀྱིས་རང་རང་གི་མདུན་ལམ་དང་ཕན་བདེའི་རྩ་བ་རྒྱལ་བསྟན་རིན་པོ་ཆེའི་དར་རྒུད་ལ་མནོ་བསམ་ཞིབ་ཏུ་བཏང་ནས་རང་རང་རབ་སྔགས་གང་རུང་གི་ལམ་ཁ་ལ་འགྲོ་རྒྱུ་དང་།
གལ་ཏེ་མ་འོངས་པར་ཉོན་མོངས་པའི་དབང་དུ་ཤོར་ནས་ཕམ་པ་བྱུང་སྟེ་ཚུལ་ཁྲིམས་འཆལ་བའི་རིགས་ཡོད་ཚེ།
ཆོས་རྗེ་མཆོག་གི་དགོངས་བཞེད་བཞིན་གང་ཟག་ཁྱད་པར་ལས་གཞན་རྣམས་ལམ་ཁ་གཞན་དུ་བསྐྱོད་ནས་རྒྱུ་འབྲས་ཡང་དག་གི་འཚོ་བ་རོལ་རྒྱུ་ལ་རེ་སྐུལ་ནན་ཞུ་དང་།
དེ་བཞིན་དུ་བསྟན་རྩ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་།
བསྟན་པའི་སྙིང་པོ་གསང་སྔགས་ཀྱི་མཐོང་བརྒྱུད་ཀྱི་ཕྱག་བཞེས་སོགས་ཉམས་གསོའི་སྐོར་ནས་ཀྱང་དགོན་སྡེ་མང་པོར་རེ་སྐུལ་ཞུས་ནས་གྲུབ་འབྲས་ཅི་རིགས་པ་བྱུང་ཡོད་ལ།
ཕྱིས་སུ་ཡང་འབོད་སྐུལ་བྱེད་འཆར་ཡོད་པས་དེ་ལུགས་དགོངས་དབྱིངས་སུ་འཇགས་པར་ཞུ་ཞུ། བོད་རབ་གནས་ས་ཕག་ལོའི་ཟླ་གཉིས་པའི་ཚེས་གསུམ་ལ་རིག་དར་ནས།
གླིང་སྲས་བོད་ཡིག་འཕྲིན་སྟེགས་ནས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།