ཁུ་འཕངས་ཀྱིས་བརྩམས་པའི་«གསང་གཏམ་དམར་པོ་»ཡི་གླེང་བརྗོད།
འབུམ་རམས་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར།
༼གཟུགས།༽
བརྒྱ་ཕྲག་བཅུ་དགུ་པའི་ལོ་རབས་དགུ་བཅུར་
(༡༩༩༠) གཞི་ནས་བྱེས་འབྱོར་བོད་མིའི་ཁྲོད་ཀྱི་སྒྱུ་རྩལ་རྩོམ་རིག་པའི་སྨྱུག་ཁ་ལ་ངར་ཤུགས་རྒྱས་པ་ཤིན་ཏུ་མད་ཅིང་།
ངར་ཁ་དེའང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕར་ངོས་ནས་གསར་དུ་ཕེབས་པ་རྣམས་ཀྱིས་བླུད་པ་དེ་བས་ཀྱང་བདེན།
འོན་ཀྱང་། རང་བསྟོད་རང་ལ་མི་འཚམ་པས།
གནད་དོན་འདི་དག་གསར་རྙིང་གང་དུའང་མི་ཐེ་བའི་དོལ་པོ་བ་བདག་གིས་གླེང་ན་འོས་སུ་འཚམས།
ལོ་དེར་འདི་གའི་༸དཔལ་གཤེན་བསྟན་སྨན་རིའི་གླིང་ལ་མཚོན་ན། <<བོན་སྒོ་>>ལོ་དེབ་འདོན་ཐེངས་བཞི་པར་སླེབས་ཡོད་པས།
རྩོམ་རིག་གི་བྱ་བཞག་ལ་ཞབས་འདེགས་མི་དམན་ཙམ་ཞུས་ཟིན་ལ། ད་དུང་འདི་ནས་སྒྱུ་རྩལ་རྩོམ་རིག་གི་དྭ་ཕྲུག་འཚོ་སྐྱོང་དང་།
གསར་སྐྱེས་རྩོམ་པ་པོ་སྐྱེད་སྲིང་ཡང་གང་འཚམས་མཛད་དང་མཛད་མུས་ལས་”ཁུ་འཕངས་“ནི་སྐབས་བབ་ཀྱི་མཚན་གཞི་ཡིན།
༼མིག༽
འདི་ནས་ཡར་བརྩིས་པའི་མི་ལོ་བཅུ་ཕྲག་གཅིག་གི་སྔོན་མས་སུ་ཁོང་གིས་རང་རྩོམ་འབྲི་བའི་དབུ་ཁྱུད་ཐོག་མར་བཀོད་ཅིང་།
དེ་ནས་བཟུང་ཁོང་གི་དཔུང་གཡས་ཀྱི་མཆན་འོག་ཏུ་གཟར་བའི་འབྲི་སྨྱུག་སྔོ་དམར་གཉིས་ཀྱིས་སྟོད་འགག་གི་དཔུང་སྣེ་ད་བར་གློད་མ་མྱོང་ལ།
ཨམ་ཕྲག་ཏུ་ཤོག་དུམ་རེ་མེད་ཚེ་ལག་མཐིལ་གྱིས་ཤོག་ཁྲལ་འཇལ་བའང་རྒྱུན་གཤིས་སུ་གྱུར།
དེས་ན་སྨྱུ་གུ་ལས་ཐལ་སྒྲར་མ་གཙིགས་ནས། རྡོ་གཅལ་སྔོན་མོ་དོར་ནས་རྒྱ་ཤོག་དཀར་པོར་བསྙེགས་ན།
རྩ་བ་བོར་ནས་ཡལ་གར་འཇུ་བའི་ནག་ཉེས་ཆེ་བའི་སྤྱི་ཚོགས་འདིར།
རྟོག་གེ་པ་ཞིག་རྩོམ་རིག་ལ་ཐོད་རྒལ་དུ་གྱུར་ཏེ།
སྒྱུ་རྩལ་གྱི་ཤེས་ཡོན་ཚད་མཐོར་གནས་པ་ནི། བཏབ་པའི་ལོ་ཏོག་གི་ལྗང་བུ་ལས།
རང་སྐྱེས་སྨན་ལྡུམ་མང་བའི་ཚད་དུ་སྣང་།
ཡང་ཅིག་གླེང་ན་རྟོགས་སད་སྔ་བའི་ཡུལ་བྱོལ་པ་ཞིག་ཡིན་ཚེ།
མི་ཡུལ་དུ་འབྱོར་ཉིན་ནས་ཕྱི་སྐད་ཀྱི་ཐོབ་སྐལ་ཐོག་མ་དེ་“དབྱིན་སྐད་”ལ་རྩོད་པའི་ངེས་པ་མེད་རུང་ཧ་ལམ་དེ་ལྟར་ལགས་མོད།
འོན་ཀྱང་“ཁུ་འཕངས་”ནི་སྒྱུ་རྩལ་གྱིས་བསླུས་པའི་མགྲོན་པོ་ཞིག་ཡིན་སྟབས།
ནུབ་ཕྱོགས་པའི་སྤྲང་སྐད་ལ་གཡེངས་ཏེ་སྤྲང་འཁྱམས་སུ་མ་ཡན་པར།
སྒྱུ་རྩལ་གྱི་ཡང་རྩེར་སོན་པའི་སྐད་རིགས་ཏེ། “ཧིན་དྷི་”ལའང་གོམས་ལོབས་སུ་གྱུར་འདུག་པ་དེ་ནི།
སྒྱུ་རྩལ་གྱི་བླ་སྲོག་བརྟན་ཞིང་། སྙན་ངག་གི་མཁའ་དབུགས་རྔུབ་མཁན་ཞིག་ལ་མཚོན་ན།
རྩོམ་རིག་གི་ལུས་སྟོབས་འཕེལ་བའི་ཟུངས་བཅུད་དུ་ཁུམས།
༼མེ།༽
ཚོར་འདུ་རྣོ་ཞིང་རྣམ་རིག་སྐྲ་རྩེ་ན་རྒྱུ་བའི་“ཁུ་འཕངས་”ནི།
གཞན་ལ་རིག་འཕྲུལ་དང་ངག་རྩལ་གྱི་མཛེས་སྣང་སྤྲས་པའི་ཚིག་རིས་མཚར་པོ་རེ་སྦྱིན་པ་ཙམ་མིན་པར།
སྙན་ངག་དང་རྩོམ་རིག་གིས་དམ་ལ་བཏགས་པའི་སྒྱུ་རྩལ་པ་དངོས་ཏེ།
ང་ཚོའི་སྙིང་རུམ་དུ་བག་ཆགས་སམ་ཚོར་སྣང་གསར་པ་རེ་བསྣན་ཡོད་པ་ནི་«བོན་སྒོ་»དང་། «རྩམ་པ།» «ལྡུམ་ར།» «ནོར་འོད།» «དྲང་བདེན།» «ནོར་མཛོད།» «གཉན་ཆེན་ཐང་ལྷ།» «ནོར་ལྡེ།» «བགྲེས་པོའི་འབེལ་གཏམ།» «ཅང་ཤེས་རྨིག་སྒྲ།» «ཕ་ཡུལ་»བཅས་སུ་དགག་སྒྲུབ་དཔྱད་བརྗོད་སོགས་བགྲོ་གླེང་རྩོམ་རིག་དང་སྙན་རྩོམ།
སྒྲུང་རྩོམ་དང་རྩོམ་རིག་དཔྱད་བརྗོད་སོགས་མང་བར་བྲིས་པས་ཀྱང་ཤེས།
མདོར་ན་བྱེས་འབྱོར་བོད་མིའི་ཁྲོད་དུ་གྲགས་ཆེ་བའི་རྩོམ་རིག་དུས་དེབ་དང་།
ཚགས་ཤོག དཔྱད་དེབ་རྣམས་སུ་ཁོང་གི་རྩོམ་ཡིག་མ་བཀོད་པ་ཧ་ལམ་མེད་པས།
ངས་ཀྱང་ཡུན་འགྱང་རིང་པོ་ཞིག་ནས་ནམ་ཞིག་“ཁུ་འཕངས་”ཟེར་བའི་སྨྱུག་མིང་ཐོགས་པ་ཁོང་གིས་སྒྲུང་དེབ་བམ།
དཔྱད་དེབ། ཡང་ན་སྙན་དེབ་ཅིག་དཔར་དུ་བསྐྲུན་པར་ངང་སྒུག་བྱས་ཡོད།
༼ཆུ།༽
གང་ལྟར་ང་རང་ངང་སྒུག་བྱས་པར་འཆུག་མི་འདུག
ཁ་སང་ཁོང་གིས་«གསང་གཏམ་དམར་པོ་»ཞེས་པའི་སྙན་རྩོམ་ཕྱོགས་བསྒྲིགས་ཤིག་འདི་གར་བསྣམས་ཏེ།
དེར་མཁོ་བའི་གླེང་བརྗོད་ཅིག་འབྲི་བར་བསྐུལ་བྱུང་། འོན་ཏང་གླེང་བརྗོད་འབྲི་བའི་ཡོན་ཚད་མེད་རུང་གྲོགས་པོའི་ལག་རྗེས་ལ་སྤོབས་ནས་སེམས་ཤུགས་ལས་སུན་སྣང་མ་སྐྱེས།
གོ་སྐབས་འདི་ནི་ང་རང་གི་འགན་ཁུར་དུ་བསམས་ཡོད།
འོ་་་་་་་ང་རང་ཤིན་ཏུ་ནས་འཆུག་མི་འདུག དེ་བས་ཁོང་གིས་«བརྡ་སྤྲོད་སྲིད་པའི་སྒྲོན་མེའི་ཚིག་འགྲེལ་དྲིས་ལན་ཚུལ་དུ་བཀོད་པ་བློ་གསར་མདོངས་མཐའ་དགྱེས་བྱེད་སྤྲིན་གྱི་རོལ་མོ་»ཞེས་པ་ཞིག་དང། «དུས་གསུམ་སྐུལ་ཚིག་གི་རེའུ་མིག་བློ་གསར་སྤྱན་ལྡན་རྣམས་ལ་ཉེ་བར་མཁོ་བའི་རྣམ་སད་བུ་མོའི་ཟློས་གར།» «དུས་གསུམ་རྐྱང་པའི་རེའུ་མིག་བློ་གསར་རིག་ལྡན་རྣམས་ལ་བསྐུལ་བའི་ངོ་མཚར་འཕྲུལ་གྱི་དྲ་བ།» ད་དུང་དཔྱད་རྩོམ་«ལྷ་རབས་མེས་པོའི་གླེགས་ཧྲུལ་སྤྲུགས་པའི་གཏམ་རྒྱུད་ཕྱྭ་སྲས་གཞོན་ནུའི་འགྱིང་དཀར་»སོགས་རྟ་རྒྱུག་ཞོར་དང་མེ་ཏོག་འཐུ་ཞོར་ལྟར་སློབ་མར་འཁྲིད་ཞོར་དུ་བརྩམས་པའི་དཔེ་དེབ་འགའ་ཞིག་གྲ་སྒྲིག་ཨང་གསར་གྱིས་དཔར་དུ་བསྐྲུན་རྒྱུར་བརྒྱ་བྱིན་གྱི་ཕོ་ཉ་ཞིག་ལ་རེ་ནས་སྒུག་འདུག
༼མདའ།༽
ལར་སྙན་དེབ་རབ་ཅིག་འདོན་པར་བྱེད་པ་ལ་ཐོག་མར་གཞི་རྩའི་སོན་དང་འདྲ་བའི་སྐྱེས་སྟོབས་ཀྱི་ཤེས་རབ་ཅིག་ནི་ངེས་པར་དུ་དགོས། གལ་ཏེ་དེ་ལ་སྦྱང་བརྩོན་རྨོ་སློག་ཕྲུ་གསུམ་གྱི་ངལ་བ་བསྟེན་ན།
ད་གཟོད་ཤེས་ཡོན་རྩི་ཤིང་གི་ལྗང་བུ་འབུས་ཤིང་།
དེ་ལས་རྩོམ་རིག་མེ་ཏོག་གི་ལོ་འདབ་བཞད་དེ། གཞི་ནས་རོ་བཅུད་དང་ལྡན་པའི་འབྲས་བུ་ཞིག་སྨིན་ངེས་པ་སྟེ།
ཡོད་ཚད་ཀླད་ཤུགས་ཀྱི་ངལ་རྩོལ་བྱ་དགོས་པ་ཤ་སྟག་ཡིན།
དེ་མིན་ལྷ་མོ་དབྱངས་ཅན་མས་ངག་ལ་མངའ་དབུལ་མཛད་དེ།
མགྲིན་པའི་རྩ་མདུད་གྲོལ་ནས་ཉམས་མགུར་བརྡོལ་རྒྱུ་ཡོད་པར་ནམ་ཡང་མ་སོམས་ཤིག
འོན་ཀྱང་དེ་ནི་རང་སྟེང་ནས་ཚང་དགོས་པའི་ཆ་རྐྱེན་གཅིག་པུ་ལགས་ཤིང་།
ད་དུང་དཔེ་སྐྲུན་གྱི་མཐུན་འགྱུར་དང་། ཀློག་མཁན་གྱི་དང་བ་སོགས་ནི་གཞན་ཞིག་རེད།
དེས་ན་གྲུབ་འབྲས་འདི་འདྲའི་སྔོན་དུ་རྩོམ་པ་པོ་མང་པོས་མིག་ཆུ་གཏོར་ཟིན་པས་མ་ཚད།
གྲུབ་འབྲས་དང་ལྷན་དུ་མིག་ཆུ་དང་ངལ་བར་འཐབ་བཞིན་པ་དག་ལ་བསམས་ན།
ད་དུང་གྲུབ་འབྲས་ཀྱི་རྗེས་སུ་མིག་སྒོང་བརླན་དགོས་པ་ཞིག་འབྱུང་མི་སྲིད་པ་མིན་ཏེ།
ང་ཚོའི་སྤྱི་ཚོགས་འདིར་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་ཕུགས་འདུན་དང་། རེ་བ།
ལས་དོན་སོགས་དོ་མི་མཉམ་པས།
སྐྱོན་བརྗོད་ཀྱི་དཔུང་ཁག་ལྗིད་པོ་ཞིག་གིས་རྩོམ་པ་པོར་རྒྱུན་དུ་རྡུང་རྡེག་དང་།
སྐྱོན་འདོགས་སོགས་བྱེད་ཀྱིན་ཡོད་པར་གྲགས་པ་འདིས་ནམ་ཞིག་རྩོམ་པ་པོའི་དགོད་སྒྲ་ཇེ་ཉུང་དང་།
ཤུ་སྒྲ་ཇེ་མང་དུ་གཏང་བར་ཐེ་མི་ཚོམ་པས་སོ། །
༼རྒྱན།༽
རྩོམ་རིག་ནི་སེམས་ཀྱི་རྩོལ་བ་ལ་བརྟེན་ནས་བྱུང་སྟབས།
དེས་རྩོམ་པ་པོའི་སེམས་ཁམས་མཚོན་ནུས།
ཡང་དག་པའི་རྩོམ་རིག་དེ་སེམས་རྒྱུད་ཀྱི་འགྱུར་འགྲོས་སམ་འདེགས་འཇོག་གི་རྗེས་སུ་འབྲངས་ཏེ།
སེམས་ནང་གི་དངོས་པོ་རྣམས་གསོན་གསལ་ལྷད་མེད་དུ་ཕབ་ཡོད་ཕྱིར།
ཀློག་པ་པོའི་རྟོག་སྣང་དུའང་དགའ་སྡུག་ཆགས་སྡང་གི་ཚོར་བ་ཅི་རིགས་མྱོང་བཞིན་པ་དེ་དག་རྩོམ་པོའི་སེམས་ཁམས་ཀློག་པ་ཡིན།
«གསང་གཏམ་དམར་པོ་»འདི་ཡང་སེམས་ཁམས་རང་ག་བ་ཞིག་གི་འཆར་སྣང་བཅོས་མ་ལ་ཚིག་རྒྱན་དང་སྡེབ་སྦྱོར་གྱིས་མཛེས་སྣང་བྱིན་པ་ཙམ་མ་ཡིན་པར།
འདི་ནི་རེ་སྙེག་དང་འཚོལ་སྒྲུབ་གྱི་འཚོ་གནས་ལ་ཞུགས་པའི་ཡུལ་གྱར་པ་ཞིག་གི་མི་ཚེའི་བགྲོད་ལམ་དུ་འཕྲད་པའི་དོན་རྐྱེན་སྣ་ཚོགས་ཀྱིས་ཁ་རལ་སྣ་རལ་དུ་བཏང་བའི་སེམས་ཁམས་རྨས་མ་དེའི་ཡང་ཕུགས་ན་དམར་པོ་ཁྲག་གིས་ཚོས་པའི་གསང་བའི་སྙིང་གཏམ་དམར་འཛར་འཛར་པོ་དེ་རྣམས་མནན་པས་མ་ནོན་པར་སྨྱུག་རྩེ་ལས་ཐལ་བར་མངོན།
༼གཟའ།༽
འདི་ན་ད་དུང་དེང་རབས་རྩོམ་སྟེགས་སུ་ཕུལ་བའི་སྨྱུག་ལབ་ཅིག་ལས། “གངས་མཚོ། ངས་ཁྱེད་རང་ལ་ཡང་བསྐྱར་འདྲི།
མ་འོངས་བློ་བདེ་གུ་ཡངས་ཅན་གྱི་རང་གི་མདུན་ལམ་ཞིག་ཏུ་སེམས་ཏེ།
ཁྱེད་ཀྱིས་ལྷ་གནས་སར་མགོ་བོ་བཀྱག་ཕོད་མེད་ལ།
ཀླུ་གནས་སར་རྐང་པའང་དེ་བས་ཇི་ལྟར་བརྐྱང་། འོན་ཀྱང་། ལྷ་ཡི་བཀའ་ཆད་ཀྱང་ཁྱེད་ལ་ཕོག་སོང་ལ།
ཀླུ་ཡི་ཁ་རླངས་ཀྱང་ཁྱེད་རང་ལ་འཐིབས་སོང་ན། ད་དུང་ཁྱེད་ཀྱིས་གཟབ་དགོས་པ་རེད་དམ།” ཞེས་པ་ནི།
ལས་དབང་གི་བསླུ་བྲིད་མྱོང་བཞིན་པའི་བོད་རིགས་གཞོན་ནུ་མ་སྤྱི་ལ་བཅངས་པའི་བརྩེ་སེམས་མཚོན་བྱེད་དུ་རྩོམ་པ་པོའི་སེམས་ཁམས་ལས་དྲངས་པའི་སྙིང་གཏམ་ཞིག་སྟེ།
འུད་ཀྱི་ཆ་ཉུང་བ་དང་དུངས་བརྗོད་ཀྱི་བྲོ་བ་སྟུག་པའི་སྙན་ངག་ཅིག་ཀྱང་ཡིན།
དེས་མ་ཚད། “གནའ་བོའི་རིག་པའི་གཞུང་ཁུངས་རྒྱལ་སྲས་ཉིད།
།དེང་སང་སྨད་འཚོང་བུ་མོའི་མག་པར་གྱུར།” །ཞེས་པའི་ཤད་བར་གཉིས་དང་། “ཡབ་མེས་ལྔ་རིག་རལ་ཅན་གདོང་ལྔ་པ།
།ནུབ་ཕྱོགས་སྲེད་ཅན་ཀླ་ཀློའི་སྒོ་ཁྱིར་གྱུར།” །ཞེས་པའི་རྐང་པ་གཉིས་ན། «སྤྲིན་གསེབ་ཀྱི་ཉི་མ་»སྟེ་“དྲུང་མུ་གྱེར་”གྱི་ཕམ་ཉེས་ལ་གཞིགས་པའི་སྡོམ་ཚིག་ཏུ་གནོང་འགྱོད་དང་།
སྡུག་ཡུས། འཁང་ར།
རེ་སྨོན་སོགས་ཡོད་ཚད་སྤུངས་ནས་སྡུག་སྐད་ཅིག་ཀྱང་ཤོར་འདུག་པ་དེ་ནི།
གདོད་མའི་ཆོས་རིག་ལ་དུངས་པ་ངེད་ཅག་ཀུན་གྱི་མགྲིན་ཚབ་ཏུ་གྱུར་པར་སྣང་།
བདེན་སྣང་ཆེ་བ་ཞིག་ལ་མི་ཡུལ་འདིའི་བརྩེ་སེམས་མཐར་ཐུག་ནི་མ་བུ་བར་གྱི་བརྩེ་སེམས་ཡིན་པར་«གཞིས་ལུས་ཀྱི་ཨ་མར་ཕུལ་བའི་གནས་འཕྲིན་»གཅིག་པུ་ལས་ཤེས་མོད་ཀྱང་། ཁོང་གིས་དཔོན་གསས་དང་བཤེས་གཉེན།
སློབ་གླིང་དང་སློབ་གྲོགས། ཕ་གཞིས་དང་བྱེས་ཡུལ་ཀུན་ལ་བཅངས་པའི་བརྩེ་སེམས་ཀྱིས་ཀྱང་དེབ་ཆུང་འདིར་གོ་གནས་ངེས་ཅན་ཞིག་བཟུང་འདུག
གཞན་ཡང་«ཁྱོད་ཁོ་ན་སྨྱོ་ཐུབ་པའི་ངའི་འཇོན་ཐང་»སོགས་ཀྱིས་མཚོན་གཞོན་ནུའི་བརྩེ་གདུང་ལས་འཕྲོས་པའི་གཞས་རྩོམ་རོ་བྲོ་ཆེ་བ་མང་།
མེ་ལོང་མའི་མྱོང་བ་ཅན་ཞིག་ལ་མཚོན་ན་འདི་རིགས་མཚར་སྣང་གསར་པ་ཅི་ཡང་མིན་མོད། འོན་ཀྱང་ཕྱི་རྫུའི་ཇོ་བཟང་ལ་དགྱེས་པ་ཉུང་ཤས་ཀྱིས་ཁ་རྫེ་སྣ་སྙེར་བྱེད་ཀྱང་སྲིད་པས།
རྩོམ་པ་པོ་ནི་བྱིས་དུས་ནས་དམར་རིལ་ཞིག་མིན་པར་“ཡར་ལོག་“བསྟན་པའི་སྲོག་ཤིང་ཞིག་ལགས་ན།
བསྐལ་པ་འབྲིང་དུས་མི་ཕམ་བཙུན་པས་ཐོས་ལོ་བསྟན་བཅོས་སུ་བཀོད་པ་དང་བསྡུར་ཚེ།
རང་མྱོང་འདི་ཙམ་ཞིག་འབྲི་དབང་ཡོད་པ་ནི་དེང་གི་དུས་ལ་རན་པར་མཐོང་།
དེས་མ་ཚད་འབྲི་ཚུལ་རང་དབང་ཆེ་བ་འདི་དག་གིས་རང་གི་བསམ་ཚུལ་རྣམས་རང་དང་ལྷན་ཅིག་དུར་དུ་མི་བསྲེ་བར་ཤིན་ཏུ་ཕན།
༼ལྷ།༽
དེས་ན་རང་ཡུལ་གྱི་ཁ་ཕོར་ལ་ཆགས་ཞེན་དོར་ཏེ།
ཆུ་མོ་གངྒཱ་བཞིན། ཧི་མ་ལ་ཡའི་རི་རྒོད་བརྒྱ་ཕྲག་འདོམ་གྱིས་བཅལ་ནས་ཕེབས་པའི་ཁྱེད་རང་།
དཀར་པོ་རྒྱ་ཡུལ་འདིས་སྙན་པ་ཁོ་ནས་སྐྱོང་བར་སྨོས་སུ་མེད་དེ།
ཡོད་ཚད་འཇེབས་པར་སྨྲ་ཞིང་། སྨྲས་ཚད་ཚིག་གཞོན་ལ། དོན་རྒོད་པས་སོ།།
ཆེས་མཐའ་མཇུག་མིན་པའི་མཇུག་གཏམ་ཞིག་ཏུ་འདི་ལྟར་གླེང་བར་འདོད་དེ།
ལེགས་ཉེས་ཀྱི་ཞིབ་ཆ་ནི་སྒྱུ་རྩལ་ལ་རྨོངས་པ་བདག་གིས་བརྗོད་གཞི་མིན་པར།
རྟོག་དཔྱོད་ཤེས་རབ་རྣོ་ཞིང་།
སྒྱུ་རྩལ་གསར་པའི་གཞོན་ཤ་རྒྱས་པའི་ཀློག་པ་པོ་རྣམས་ཀྱི་བགོ་སྐལ་ཁོ་ནར་སེམས་ཏེ།
ད་ནི་«གསང་གཏམ་དམར་པོ་»འདིའང་གསང་གཏམ་མིན་པར་སྙིང་གཏམ་དམར་པོར་གྱུར་ཟིན་པས་སོ།།
བློ་ཚང་བསྟན་ཁོའི་(འཕྲིན་ཕྲན་)རྩོམ་རིག་སྤྱི་སྟེགས་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།