རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 11 April 2020

དམར་གཙང་བྲག་ནས་དམར་གཡོ་གཙང་གསུམ་མཇལ་བ།



སེར་ཚང་པ།  ནང་ཆེན།
ཉིན་འགའ་ཡི་སྔོན་དུ་དགེ་རྒན་རིན་པོ་ཆེ་ནང་ཆེན་བསོད་ནམས་མཆོག་དང་གྲོགས་པོ་འཇམ་དབྱངས་ཕུན་ཚོགས་གཉིས་ཀྱི་ལྷན་དུ་དམར་གཙང་དགོན་པར་མཇལ་སྐོར་དུ་འགྲོ་གྲབས་བྱས་ཏེ་ཟི་ལིང་མེ་འཁོར་འབབ་ཚིགས་སུ་སོང་བ་ཡིན།   ཉིན་དེར་མཁན་པོ་ཚུལ་ཁྲིམས་རྣམ་རྒྱལ་ཡང་ངེད་ཚོའི་མཉམ་དུ་འགྲོ་རྒྱུར་བྱུང་བས་མགྲོན་འཁོར་སྟབས་བདེ་ཞིག་ཏུ་བསྡད་དེ་དམར་གཙང་དགོན་པའི་ཕྱོགས་སུ་སོང་།  སྤྱིར་ལྗོངས་རྒྱུར་འགྲོ་བ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་པར་མ་ཟད། ལྗོངས་རྒྱུར་འགྲོ་བ་ནི་རིག་གནས་འཚོལ་ཞིབ་ཏུ་འགྲོ་བ་རེད།  ང་ལ་མཚོན་ན་གནའ་ཤུལ་མང་པོ་ཞིག་མཇལ་བ་ནི་ངག་སྨྲ་མི་ཤེས་པའི་གླེགས་བམ་འཐུག་པོ་ཞིག་ཁ་ཕྱེས་པ་དང་གཉིས་སུ་མེད།  ད་ཐེངས་ཟི་ལིང་དུ་ཅུང་འདུག་ཡུན་རིང་བ་དང་།  བདག་སྔ་མོ་ནས་དམར་གཙང་དགོན་དུ་འགྲོ་འདོད་ཆེ་བར་མ་ཟད།   དམར་གཡོ་གཙང་གསུམ་གྱི་མཛད་རྗེས་ཕྱོགས་རེ་བ་ཞིག་མཐོང་ཐོས་མྱོང་བས་ལུས་ངག་ཡིད་གསུམ་གྱིས་དམར་གཙང་དགོན་པ་མཇལ་འདུན་སྐྱེས།  ཉིས་སྟོང་བཅུ་དགུའི་ཟླ་བ་བཅུ་པའི་སྟོད་ཀྱི་རྒྱལ་སྟོན་དུས་ཆེན་སྐབས་སློབ་གྲོགས་ཞིག་དང་མཉམ་དུ་དམར་གཙང་དགོན་དུ་འགྲོ་རྒྱུ་ཐག་བཅད་ཀྱང་།  གནས་ཚུལ་དམིགས་བསལ་བ་ཞིག་གིས་ཕྱིར་འགྱང་མི་བྱེད་ཀ་མེད་བྱུང་།   སྐབས་དེར་སློབ་གྲོགས་མང་པོ་ཞིག་གིས་དམར་གཙང་དགོན་ཟེར་བ་ཞིག་གོ་མ་མྱོང་ལ།  དམར་གཙང་དགོན་པ་ནི་ཅི་ཞིག་ཡིན་པའང་ཤེས་ཀྱི་མི་འདུག  །འོན་ཀྱང་ཁོ་ཚོས་བཤད་རྒྱུར་ཟི་ལིང་དུ་འཕྱིན་རན་སྐབས་ཁ་ཆེའི་དགོན་པ་མང་པོ་ཞིག་མཐོང་ཡོང་ལ་དེ་དག་སྔོན་མ་ནང་པའི་དགོན་པ་རེད་ཅེས་བཤད་ཀྱི་འདུག 
ངས་ཁུངས་མེད་ཀྱི་སྐད་ཆ་དེ་དག་ཡིད་ལ་བསམ་བཞིན་ལོ་རྒྱུས་དཔེ་ཆ་འགའ་བཀླགས་པས་ད་གཟོད་དམར་གཙང་དགོན་པ་ནི་བསྟན་པ་ཕྱི་དར་གྱི་ཆུ་མགོ་ལྟ་བུ་ཡིན་པ་ཤེས་སོང་།   དེ་ནས་བཟུང་དམར་གཙང་དགོན་པ་མཇལ་རྒྱུ་ནི་ངའི་གནས་སྐབས་ཀྱི་དམིགས་ཡུལ་ཡིན་ལ་དགའ་ཕྱོགས་ཀྱང་ཡིན།  གནས་འདི་མཇལ་བ་ལའང་རྒྱུ་མཚན་མང་པོ་འདུག་སྟེ་ཁྱོད་རང་ལོ་རྒྱུས་ཀྱིས་བསླུས་པའི་གང་ཟག་ཅིག་ཡིན་ན་ད་གཟོད་འདི་རེད་སྙམ་པའི་དོན་སྤྱི་ཞིག་རྟོག་ངོར་འཆར་རྒྱུ་འདུག །གང་ལྟར་དེ་རིང་གནམ་གཤིས་ཡག་ལ་གོ་སྐབས་ལེགས་པས་བདག་ལ་སྔར་མེད་ཀྱི་སྤྲོ་སྣང་ཆེན་པོ་བྱུང་།  མགྲོན་འཁོར་གྱི་སྒེའུ་ཁུང་ལས་མཐོང་བའི་ཁང་རྩེག་མང་པོས་བདག་ལ་བརྗོད་མེད་ཀྱི་སྤྲོ་སྣང་བསླངས་བྱུང་།  ལམ་འགྲམ་གྱི་ལྕང་སྡོང་བསྟར་ཕྲེང་བསྒྲིགས་ཏེ་ཡལ་ག་རེ་རེས་ང་ཚོར་དགའ་བསུ་བྱེད་བཞིན་འདུག་ལ། ཡུལ་སྐོར་གྱི་སྣེ་ཤན་པ་ཞིག་དང་འདྲ་བར་ང་ཚོ་ལ་གཏམ་རྒྱུད་མང་པོ་ཞིག་བཤད་པའི་སྟ་གོན་བྱེད་ཀྱིན་འདུག །ཉི་འོད་རབ་ཏུ་གསལ་བས་ཕྱོགས་བཞིའི་རི་བོའི་ངོགས་ཀྱི་སྨུག་པ་བན་བུན་ཡང་འབྲལ་དཀའ་བའི་ཚུལ་གྱིས་ནམ་མཁར་ཡལ་སོང་།   ཟམ་མ་ཆད་པའི་རླངས་འཁོར་སྣ་ཚོགས་གཞུང་ལམ་གྱི་ངོགས་སུ་ཐད་ཀར་བྱ་འཕུར་བ་བཞིན་ཡོང་དུས་འཇིགས་སྣང་ཆེན་པོས་དོ་སྣང་ཇི་ཙམ་བྱས་ཀྱང་འདི་ནི་གྲོང་ཁྱེར་གྱི་རྒྱུན་ལྡན་འཚོ་བ་ཞིག་རེད་ཨང་བསམ། 

ཟི་ལིང་ནས་དམར་གཙང་དགོན་དུ་ཕལ་ཆེར་དུས་ཚོད་གཅིག་ལྷག་ཙམ་འགོར་སོང་ལ།  ང་ཚོ་དམར་གཙང་རྫོང་དུ་ཐོན་དུས་ཐོག་མར་མཐོང་ཡོང་བའང་དམར་གཙང་དགོན་པ་རེད།  དམར་གཙང་དགོན་པ་ནི་ཟི་ལིང་གྲོང་ཁྱེར་དང་ཐག་ཉེ་བའི་དམར་གཙང་རྫོང་(平安县)གི་ཁོངས་སུ་ཡོད་ལ། ཙོང་ཆུ་སྔོན་མོའི་གཡོན་འགྲམ་གྱི་བྲག་ངོས་སུ་ལོ་རྒྱུས་ཀྱི་གསང་བ་མང་པོ་ཉར་ནས་དུས་ཚོད་ཅི་ཙམ་འགོར་ཡོད་པའང་ང་ཚོས་ལོ་རྒྱུས་ཀྱི་དཔེ་ཆ་དག་ལས་མཐོང་བ་བཞིན་རེད།  ང་ཚོ་དགོན་པའི་འདབས་ནས་ཤུགས་ཀྱིས་འཛེགས་དུས་དམར་གཡོ་གཙང་གསུམ་གྱི་སྙིང་སྟོབས་དྲན་ལ།  དུས་བབས་ཅི་འདྲ་ཞིག་ནས་ལི་ཡུལ་བརྒྱུད་དེ་འདིར་ཡོང་བའི་ལོ་རྒྱུས་ལ་བསམ་གཞིག་མི་གཏོང་ཀ་མེད་བྱུང་།  དགོན་པ་དེར་དམར་གཙང་དགོན་ཟེར་བ་ཡང་དམར་གཡོ་གཙང་གསུམ་གྱི་སྒྲུབ་གནས་ཡིན་པས་ཡིན་ནམ་སྙམ།  གནས་དེར་ལོ་རྒྱུས་བྲིས་པའི་རྡོ་རིང་དང་ཡིག་ཆ་ཅི་ཡང་མཐོང་རྒྱུ་མེད་ལ།  རྒྱ་ཡིག་བྲིས་པའི་རྡོ་རིང་ཞིག་འདུག་པ་དེ་མཐོང་མ་ཐག་ཏུ་དོན་ངོ་མར་དམར་གཡོ་གཙང་གསུམ་ས་འདིར་ཕེབས་མྱོང་ངམ། ཡང་ན་ཅིའི་ཕྱིར་ས་འདིར་ཕེབས་པ་ཡིན་ནམ་ཞེས་པའི་དོགས་གཞི་མང་པོ་ཞིག་བདག་གི་བློ་ངོར་འཚང་བྱུང་། དགོན་པ་འདི་ལ་རྒྱ་སྐད་དུ་(白马寺)ཟེར་ནས་བྲིས་འདུག་ལ་བོད་སྐད་དུ་ཐད་ཀར་བསྒྱུར་ན་རྟ་དཀར་དགོན་དུ་འགྱུར་འགྲོ།  རྡོ་རིང་དེར་རྟ་དཀར་དགོན(公元十六世纪八十年代,三世达赖喇嘛来该朝拜,骑白马死于此寺,寺僧塑白马纪念,汉族人称之为马寺”)གྱི་མིང་གི་ཐོགས་དོན་དང་།  དམར་གཙང་དགོན་ཟེར་དགོས་པའི་རྒྱུ་མཚན་ཡང་བྲིས་འདུག་ཀྱང་བློ་གཏད་འཆའ་རུང་བ་ཞིག་ཡིན་མིན་ནི་བཤད་དཀའ་བ་ཞིག་ཏུ་སྣང་།  

ལོ་རྒྱུས་ཀྱིས་ང་ཚོར་བཤད་པ་ལྟར་ན།  དུས་རབས་དགུ་པའི་སྟོད་དུ་གཡོ་རུ་གན་པ་བྱང་ཐང་དུ་འཁྲུངས་པའི་དམར་ཤཱཀྱ་མུ་ནེ་དང་། ལྷོ་འབྲོག་ཏུ་འཁྲུངས་པའི་གཡོ་དགེ་བའི་འབྱུང་གནས། འཇད་འཁྱེལ་དུ་འཁྲུངས་པའི་གཙང་རབ་གསལ་བཅས་དགེ་སློང་གསུམ་པོ་དཔལ་ཆུ་བོ་རི་ལ་སྒོམ་པའི་དུས།  གླང་དར་མས་བསྟན་པ་བསྣུབས་པའི་ལོ་རྒྱུས་ཐོས་པས།   ཁོང་གསུམ་སྤྲང་ཆས་སྤྲས་ནས་དམ་ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ཏེ་རྒྱལ་ཁྲིམས་མི་གཅིག་པའི་ས་ཆར་བསྟན་པ་དར་བར་བྱ་དགོས་སྙམ་ནས་ཉིན་མོ་གབ་ཅིང་མཚན་མོ་བྱོན་ཏེ་མངའ་རིས་སུ་འབྱོར།   དེར་ཡང་བསྟན་པ་སྤེལ་མ་ཐུབ་པར་བྱང་ལམ་དེད་དེ་ཧོར་ཡུལ་དུ་བྲོས།  ཧོར་གྱི་དགེ་བསྙེན་ཤེས་རབ་གོ་ཆ་བྱ་བ་ཞིག་ཡོད་པ་དེ་ལ་བསྟེན་ཏེ་བཞུགས། དགེ་བསྙེན་དེར་མིང་ཤཱཀྱ་ཤེས་རབ་ཅེས་བཏགས་ནས་ཕྱག་ཕྱིར་ཁྲིད་དེ་མདོ་སྨད་ལྷོ་ངོས་བེ་རེའི་ས་ཆ་དེའུ་ཚྭ་མཚོ་བརྒྱུད་ནས་ད་ལྟའི་དམར་གཙང་དགོན་ཡོད་སར་ཕེབས།  འདིར་དུས་ཡུན་ཐུང་ངུ་ཞིག་ལས་མ་བཞུགས་པར་རྨ་ལུང་རྡོ་རྗེ་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན།   བསྙེན་པར་རྫོགས་པ་ཞུས་པར་དགེ་སློང་ལྔ་མ་ཚང་ན་མི་ཡོང་གསུངས་ནས་གཙང་རབ་གསལ་དང་གཡོ་དགེ་འབྱུང་།  དམར་ཤཱཀྱ་མུ་ནེ་གསུམ་གྱི་ཁར་རྒྱའི་དགེ་སློང་ཀ་བེད་དང་གྱི་བན་གཉིས་ཀྱིས་ཁ་བསྐངས་ཏེ་ཙོང་ཁ་བདེ་ཁམས་སམ་འཕན་ཡུལ་ཞོགས་པར་སྐུ་འཁྲུངས་པའི་བླ་ཆེན་དགོངས་པ་རབ་གསལ་ལ་དགེ་ཚུལ་སློང་གི་སྡོམ་པ་གནང་སྟེ་བོད་ཡུལ་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ས་བོན་བསྐྲུན་པ་རེད། ད་ལྟའི་དགོན་པ་འདི་ནི་སྤྱི་ལོ་༡༦༠༤ལོར་རྒྱས་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ་པའི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་བདེ་ཆེན་གྱིས་གཟིགས་སྐྱོང་གནང་གི་ཡོད་པ་དགེ་རྒན་ལྡོང་ཡོན་ཏན་གྱི་ཟིན་བྲིས་ལས་མཐོང་བའོ།།

མཚམས་འདིར་ཐོན་དུས་ང་ཚོས་ལྷ་ཁང་དང་བྲག་ཕུག་ཆེ་ཆུང་རྣམས་ཞིབ་ཏུ་མཇལ་ནས་པར་ཡང་བསྐྱོན།  ཁྱད་པར་ལྷ་ཁང་དང་བྲག་ཕུག་ཏུ་བཞུགས་པའི་དམར་གཡོ་གཙང་གསུམ་དང་།  ལྷ་ལུང་དཔལ་གྱི་རྡོ་རྗེ།  བླ་ཆེན་དགོངས་པ་རབ་གསལ་དང་རྒྱའི་དགེ་སློང་ཀ་བེད་དང་གྱི་བན་སོགས་ཀྱི་སྐུ་བརྙན་མང་པོ་མཐོང་རྒྱུ་འདུག་ལ།  སྐུ་བརྙན་དེ་དག་གི་བྱིན་རླབས་དང་ལོ་རྒྱུས་ཡིད་ལ་བསམ་བཞིན་ང་ཚོ་དགོན་པའི་སྒོ་ཐེམ་གྱི་སྐས་འཛེག་རེ་རེ་ལས་བབས་པ་ཡིན།   ང་ཚོས་དམར་གཙང་དགོན་འདབས་ནས་ཡར་ལྟ་སྐབས་ལྗིད་ཏིག་ཏིག་གི་ཚོར་བས་གོམ་པ་མདུན་དུ་སྤོ་མི་ཐུབ་ལ།  སེམས་ཁྲལ་ལྷག་མ་ཞིག་གིས་དམར་གཙང་དགོན་པར་བསྟན་པ་ཕྱི་དར་གྱི་དབུ་ཁྱུད་འབྲི་མྱོང་བ་ཡང་བརྗེད་འགྲོ།  ལོ་རྒྱུས་དང་ཆོས་ལུགས་ཀྱིས་བརྗེད་པར་མ་མྱོང་བའི་དགོན་པ་འདིས་རང་ཉིད་གང་དུ་ཡོད་པའང་བརྗེད་ཚར་བ་འདྲ།  ཞེ་སྐྱོ་བའི་ལོ་རྒྱུས་ཀྱི་ཐ་སྙད་སྐམ་པོ་འགའ་རུམ་དུ་བཅུག་ནས་ད་རུང་གཉིད་དུ་ཡུར་བ་དྲན་གྱི་ཡོད་དམ།  འདི་ནི་སྐྱེས་ཆེན་མང་པོའི་ཞབས་རྗེས་བཀོད་མྱོང་སའི་ལོ་རྒྱུས་ས་ཚིགས་འགངས་ཆེན་ཞིག་ཡིན་པ་ཤེས་སམ། ངས་དེ་ལྟར་བསམ་བཞིན་དམར་གཙང་རྫོང་དུ་སོང་བ་ཡིན།

སྟག་འཚེར་གྲོང་ནས་སྨྲེང་སྐྱོའི་ཆར་ཟིམ་འཐོར། དམར་གཙང་རྫོང་ནས་གུང་ཟས་སྟབས་བདེ་ཞིག་རོལ་རྗེས་དགེ་རྒན་རིན་པོ་ཆེའི་ཐུགས་བཀོད་ལྟར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་སྐུ་འཁྲུངས་ཡུལ་སྟག་འཚེར་红崖村)དུ་སོང་བ་ཡིན།  དམར་གཙང་རྫོང་ནས་སྟག་འཚེར་དུ་ལེ་དབར་སུམ་ཅུ་ལྷག་ལ་འགྲོ་དགོས་པས་ང་ཚོ་གླ་གཏོང་ཞིག་ཏུ་བསྡད་དེ་ཁ་བརྡ་སྣ་ཚོགས་ཀྱི་ཟམ་མ་ཆད་པར་སྟག་འཚེར་དུ་ཐོན་སོང་། ཉིན་དེར་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ཕྱི་རྒྱལ་གྱི་མི་གཅིག་སླེབས་འདུག་ཟེར་བའི་རྒྱ་བོད་ཤན་སྦྱར་གྱི་བརྡ་འཕྲིན་དྲྭ་ལམ་དུ་ཁྱབ་ཀྱིན་འདུག་པས་ང་ལ་ཡང་རྒྱུན་ལྡན་མིན་པའི་དོགས་པ་སྣ་ཚོགས་བྱུང་།  གླ་གཏོང་ལས་འབབ་སྐབས་སྤྱི་བདེ་མི་སྣ་འགས་གསལ་བཤད་བྱས་པ་ལྟར་ན་ལྷ་ཁང་འདི་སྒོ་མ་ཕྱེས་ནས་ཟླ་བ་གཅིག་ལྷག་འགོར་སོང་ལ།  ལྷག་པར་དེ་རིང་གི་བརྡ་འཕྲིན་འདིའི་དབང་གིས་མུ་མཐུད་ནས་སྤྱི་ཟླ་དྲུག་པའི་བར་དུ་སྒོ་རྒྱག་དགོས་འདུག་པས་ཁྱོད་ཚོ་དཀའ་ལས་ཆེ་རབས་སོགས་ཀྱི་སྐད་ཆ་འདྲ་མིན་བཤད།  སྨུག་པ་འཐིབས་པའི་རི་གྲོང་དེར་རྒྱང་མཇལ་ཞུས་པས་གསལ་ལ་མི་གསལ་བར་ལྷ་ཁང་ཞིག་གི་གསེར་འཕྲུ་མཐོང་སོང་།  སྐབས་དེར་སྨུག་པ་འཐིབས་ལ་ཆར་ཟིམ་ཡང་འཐོར།  ངའི་དྲན་འཛིན་གྱི་ངོས་སུ་ཡང་སྨུག་པ་ལྟ་བུའི་དད་འདུན་འཁྲིགས་སོང་ལ།  དད་འདུན་དང་སྨྲེང་སྐྱོའི་ཀློང་ནས་ཕྱིར་ལོག་པ་ཡིན།  ཁ་ལོ་བས་བཤད་རྒྱུར་ཁྱོད་ཚོ་འདིར་ཡོང་བ་ལས་བྱ་ཁྱུང་དགོན་དུ་སོང་ན་མི་ལེགས་སམ་ཞེས་དྲིས་པས།  མོའི་སྐད་ཆར་བརྟག་ན་ཕལ་ཆེར་གནས་འདི་ནི་རྒྱལ་དབང་བཅུ་བཞི་པའི་འཁྲུངས་གཞིས་ཡིན་པ་ཤེས་འདུག་པར་མ་ཟད།  མགྲོན་པོ་མང་པོ་ཞིག་གནས་འདིར་སྐྱེལ་བསུ་བྱེད་མྱོང་བའང་དྲན་གྱི་ཡོད་པ་འདྲ། ང་ཚོས་དེ་ལྟར་བཤད་བཞིན་དམར་གཙང་རྫོང་བརྒྱུད་དེ་ཟི་ལིང་དུ་ལོག་པ་ཡིན།        ༢༠༢༠-༤-༡༡ ཉིན་གནའ་མཁར་ཟི་ལིང་ནས་གྲུབ་པར་སྦྱར།

ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།