རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 1 April 2020

ཏུན་ཧོང་ཡིག་ཚགས་ P.T.996 པ་དང་འབྲེལ་ཏེ་གནུབས་ནམ་མཁའི་སྙིང་པོའི་ལོ་རྒྱུས་ལ་གསར་དུ་དཔྱད་པ།



འཇམ་རྐང་གསང་བདག་ཚེ་རིང་།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཏུན་ཧོང་ཡིག་ཚགསP.T.996 པར་བྱུང་བའི་མཁན་པོ་ནམ་མཁའི་སྙིང་པོའི་ལོ་རྒྱུས་གཙོ་གནད་དུ་བཟུང་སྟེ། ཕྱིས་བྱུང་ཆོས་འབྱུང་དེབ་ཐེར་ལས་བྱུང་བའི་གནུབས་ནམ་མཁའི་སྙིང་པོ་དང་ཕན་ཚུན་ཞིབ་བསྡུར་བྱས་པ་བརྒྱུད། དེ་གཉིས་གང་ཟག་གཅིག་ཡིན་ཚུལ་གྱི་སྡོམ་ཚིག་བཞག་ཡོད་ལ། ཞོར་དུ་བོད་བཙན་པོའི་དུས་སྐབས་ཀྱི་གནུབས་ཀྱི་རུས་རྒྱུད་ལས་འཁྲུངས་པའི་སྐྱེས་ཆེན་སྐོར་ཞིག་ངོ་སྤྲོད་བྱས་པ་དང་སྦྲགས། གནུབས་ཀྱི་རུས་རྒྱུད་དེ་མདོ་སྨད་ཙོང་ཁ་དང་ཁྲི་ཀའི་རྒྱུད་དུ་ཇི་ལྟར་དར་ཚུལ་སྐོར་ལ་དཔྱད་ཡོད།
བརྡ་ཆད་གཙོ་བོ། P.T.996 གནུབས་ནམ་མཁའི་སྙིང་པོ། ཙོང་ཁ། ཁྲི་ཀ 

གླེང་གཞི
གནུབས་ནམ་མཁའི་སྙིང་པོ་ནི་བོད་བཙན་པོའི་རྒྱལ་རབས་དུས་མཇུག་སྐབས་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ལ། བོད་དར་བསམ་གཏན་ཆོས་ལུགས་དང་ལྷག་པར་དུ་མདོ་སྨད་ཕྱོགས་ཀྱི་ཆོས་སྲིད་གནས་བབ་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད། ཁོང་གི་ལོ་རྒྱུས་དང་མཛད་འཕྲིན་མདོར་བསྡུས་ཤིག་ཏུན་ཧོང་ཡིག་ཚགསP.T.996 པར་བྱུང་ཡོད་པར་མ་ཟད། ཕྱིས་བྱུང་ཆོས་འབྱུང་དང་དེབ་ཐེར་ཁག་གི་ཁྲོད་དུའང་ཉུང་ཙམ་རེ་བྱུང་འདུག་ལ། དེའི་སྐོར་གྱི་དཔྱད་འབྲས་ཀྱང་རེ་གཉིས་ཙམ་འདུག ཡིན་ནའང་བརྗོད་ལུགས་དེ་དག་ཕན་ཚུན་བསྡུར་ཅིང་དཔྱད་ན། ཁ་མི་མཐུན་ས་དང་འཐུས་མི་ཚང་ས་སོགས་མང་བས། ཁུངས་བཙུན་གྱི་ཡིག་ཚང་ལ་རྒྱབ་བརྟེན་ཅིང་ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་སྤྱད་ནས། ཕན་ཚུན་གཤིབ་བསྡུར་གྱི་ཚུལ་གྱིས་ལོ་རྒྱུས་གུང་བསྒྲིགས་ཏེ་ཕྱོགས་ཡོངས་ནས་གནུབས་ནམ་མཁའི་སྙིང་པོར་ཞིབ་འཇུག་བྱ་རྒྱུ་ནི་རིན་ཐང་ཆེ་བར་འདོད།


གཅིག P.T.996 པར་བྱུང་བའི་ནམ་མཁའི་སྙིང་པོ།
ཏུན་ཧོང་ཡིག་ཚགསP.T.996 པ་ནི་ཧྥ་རན་སིར་ཉར་བའི་བོད་བཙན་པོའི་སྐབས་ཀྱི་ཡིག་ཆ་ཞིག་ཡིན་ལ། སྣ་ཐུང་གི་རྣམ་པར་གནས་ཤིང་དབུ་ཅན་གྱི་བྲིས་གཟུགས་གསལ་ལ་ཡིག་རྙིང་གི་ཁྱད་ཆོས་ཤ་སྟག་ཏུ་སྣང་། ཡིག་ཆ་ཧྲིལ་བོར་ཁྱོན་བསྡོམས་སྣ་ཐུང་ལྔ་སྟེ་ཤོག་ངོས་བཅུ་ཡོད་ལ། ཤོག་ངོས་གཉིས་པ་ལ་ཚིག་རྐང་བདུན་དང་ཆེས་མཇུག་གི་ཤོག་ངོས་ལ་ཚིག་རྐང་གསུམ་ཡོད་པ་ཕུད། གཞན་ཤོག་ངོས་རེ་ལ་ཚིག་རྐང་དྲུག་རེ་སྟེ་ཁྱོན་བསྡོམས་ཚིག་རྐང་ང་བརྒྱད་འདུག    དེ་ཡང་ནང་དོན་གྱི་ཆ་ནས་དོན་ཚན་ཆེན་པོ་གཉིས་སུ་འདུ་སྟེ། བོད་བཙན་པོའི་དུས་མཇུག་སྐབས་ཀྱི་མཁན་པོ་ནམ་མཁའི་སྙིང་པོ་དང་དགེ་སློང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་དང་འབྲེལ་ནས། མདོ་སྨད་ཕྱོགས་ཀྱི་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐོར་གཙོ་བོར་བརྗོད་ཡོད་པའི་ཡིག་ཆ་རིན་ཐང་ཅན་ཞིག་ཡིན་ལ། «ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས» ཞེས་པའི་པར་རིས་དཔེ་ཚོགས་ཀྱི་དེབ་བཅུ་པའི་ནང་དུ་སོ་སོའི་ཁ་བྱང་ལ“མཁན་པོ་ནམ་ཀའི་སྙིང་པོའི་ལོ་རྒྱུས་དང་། དགེ་སློང་སྤུག་ཡེ་ཤེས་དབྱངས་ཀྱི་ལོ་རྒྱུས”ཞེས་བཀོད་ཡོད་པ་དང་། 《法藏敦煌藏文文献解题目录》 ཞེས་པའི་དེབ་ཀྱི་ནང་དུ་ཁ་བྱང་ལ八十经源流(禅宗史料ཞེས་དང་།《敦煌学大辞典》ཞེས་པའི་ཚིག་མཛོད་ཆེན་མོའི་ནང་དུ་ཁ་བྱང་ལ虚空藏禅师善知识系谱略说ཞེས་བཀོད་འདུག

ཏུན་ཧོང་ཡིག་ཚགསP.T.996 པ་ལས་དོན་ཚན་དང་པོ་ནི་མཁན་པོ་ནམ་མཁའི་སྙིང་པོའི་ལོ་རྒྱུས་ཡིན་ལ། དེར་ཤོག་ངོས་ལྔ་དང་ཚིག་རྐང་བཞི་སྟེ། ཚིག་རྐང་གི་དབང་དུ་བྱས་ན་སུམ་ཅུ་སོ་ལྔ་འདུག དེ་ཡངམཁན་པོ་ནམ་ཀའྀ་སྙིང་པོའི་དགེ་བའྀ་བཤེས་ཉེན་གྱྀ་རྒྱུད་མདོར་བཤད་པཞེས་ཐོག་མར་ཁོང་གི་བཤེས་གཉེན་གྱི་རྒྱུད་རིམ་བཞིན་ངོས་འཛིན་བྱས་ཡོད་དེ། རྒྱ་གར་གྱི་མཁན་པོ་ཨ་རྟན་ཧྱྭེར་སེམས་ཅན་གྱི་དོན་དུ་རྒྱ་གར་ཡུལ་ནས་ཨན་སེར་འབྱོར་ཏེ་བེའུ་སིང་ཧྭ་ཤང་སོགས་སློབ་མ་སུམ་བརྒྱ་དང་ཨན་སེའི་རྒྱལ་བོ་ཀྭ་ཙི་ཝང་སོགས་ལ་ཐེག་ཆེན་གྱི་ཆོས་བཤད་པ་དང་། མཐར་དགུང་ལོ་བརྒྱ་ལོན་ནས་ཚེ་ལས་འདས་བ་སོགས་གསལ་བོར་བཀོད་ཡོད་པ་མ་ཟད།  ཁོང་ཚེ་ལས་འདས་རྗེས་ཁོང་གི་སློབ་མ་དམ་པ་བེའུ་སིང་ཧྭ་ཤང་ཡུལ་ཤ་ཅུ་དང་ཀམ་ཆུར་ཕེབས་ནས་སློབ་མ་མང་པོ་ལ་ཆོས་བཤད་པ་དང་། བེའུ་སིང་ཧྭ་ཤང་དགུང་ལོ་བརྒྱད་ཅུར་ལོན་པ་ན་ཡུལ་སུ་ཅུ་ནས་ཚེ་ལས་འདས་པ་སོགས་གསལ་ལ། “དེའི་སློབ་མ་ཆོས་གོ་བ་བརྒྱད་ཅྀག་བྱུང་བའྀ་དམ་པ་། མན་ཧྭ་ཤང་ལྷའྀ་ཞལ་ཟས་གསོལ་བས་གཉྀད་ཆོམས་ཏེ། གཉྀན་མཚན་རྒྱུན་དུ་སྒོམ་བ་ཞྀག་ཡུལ་ཙོང་ཀར་གཤེགས་ནས” ཞེས་བེའུ་སྀང་ཧྭ་ཤང་གི་སློབ་མ་མན་ཧྭ་ཤང་ཙོང་ཁའི་ཡུལ་དུ་ཕེབས་ནས་ཚིག་ཙ་ནམ་མཁའ་སོགས་ལ་ཆོས་བཤད་པ་དང་། མན་ཧྭ་ཤང་དགུང་ལོ་སུམ་ཅུ་ལོན་ཏེ་རྒྱ་ཡུལ་དུ་ཕེབས་ཁར་ཆོས་ཀྱི་ལམ་ཐམས་ཅད་ཁོང་གི་སློབ་མ་ཚིག་ཙ་ནམ་མཁའ་ལ་བསྟན་ཏེཧྭ་ཤང་གྀས་སྨྲས་པ་།  ཕ་སེང་གེ་ལས་བུ་ཝ་ལྟ་བུ་བྱུང་བ་ནྀ་། བེའུ་སྀང་ཧྭ་ཤང་ལྟ་བུའྀ་སློབས་དཔོན་ལས་། ང་འདྲ་བའྀ་སློབ་མ་བྱུང་བ་ཡྀན་ནོ།  ཕ་ཝ་ལས་བུ་སེང་གེ་བྱུང་བ་ནི་། ང་འདྲ་བའྀ་སློབས་དཔོན་ལས་། ཁྱོད་འདྲ་བའྀ་སློབ་མ་བྱུང་ངོཞེས་ཚིག་ཙ་ནམ་ཀ་ལ་བསྟོད་བསྔགས་ཆེན་པོ་བྱས་འདུག མདོར་ན། མཁན་པོ་ནམ་མཁའི་སྙིང་པོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རབ་ཏུ་བྱུང་ནས་བསམ་གཏན་གྱི་མཁན་པོ་དག་ལས་ཐེག་ཆེན་གྱི་ཆོས་གསན་ཞིང་རིམ་བཞིན་མདོ་སྨད་ཙོང་ཁའི་ཡུལ་དུ་ཕེབས་པ་དང་། ཁྲི་ཀའི་ཤིང་ཡོང་དང་ཁྲི་ཀའི་ཡམ་ཡོག་གི་དབེན་ས་སོགས་འགྲིམས་ཏེ་མཐརལོ་བདུན་ཅུ་རྩ་གཅྀག་སྟེ། ཁྱྀ་འྀ་ལོའི་དཕྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ།   ཞོང་པོང་གི་དགོན་སར་སྐྱྀལ་མོ་གྲུང་མ་གཡོས་།   མདངས་མ་གྱུར་པར་དུས་ལས་འདས་སོཞེས་དགུང་ལོ་བདུན་ཅུ་རྩ་གཅིག་པ་སྟེ་ཁྱི་ལོའི་དཔྱིད་སླ་ར་བའི་ཚེས་ཉི་ཤུ་དགུ་ལ་ཁྲི་ཀའི་ཞོང་པོང་གི་དགོན་སར་སྐུ་གཤེགས་ཚུལ་སོགས་གསལ་བོར་བཀོད་འདུག           

འདི་ནི་ཏུན་ཧོང་ཡིག་ཚགསP.T.996 པར་གསལ་བའི་མཁན་པོ་ནམ་མཁའི་སྙིང་པོའི་བཤེས་གཉེན་གྱི་རྒྱུད་དང་ཁོང་གི་ལོ་རྒྱུས་མདོར་བསྡུས་ཙམ་ཡིན་ལ། མཁན་པོ་ནམ་མཁའི་སྙིང་པོའི་དགེ་བའི་བཤེས་གཉེན་གྱི་རྒྱུད་བལྟ་བདེ་ཆེད་རིམ་པ་ལྟར་བསྒྲིགས་ན་འདི་ལྟར།
མཁན་པོ་ཨ་རྟན་ཧྱྭེར།
བེའུ་སྀང་ཧྭ་ཤང་།
མན་ཧྭ་ཤང་།
ཚྀག་ཙ་ནམ་ཀ
འདིར་བྱུང་བའི་ཚྀག་ཙ་ནམ་ཀ་ནིམཁན་པོ་ནམ་མཁའི་སྙིང་པོའི་མིང་གི་འབྲི་ཚུལ་གཞན་ཞིག་ཡིནལ། P.T.996 པའི་ཁྲོད་དུ་མིང་གི་རྣམ་གྲངས་ལ་འབྲི་ཚུལ་མང་སྟེ། ཕྱོགས་གཅིག་ཏུ་བསྡུས་ན་གཤམ་གྱི་རེའུ་མིག་ལྟར།
མིང་།
P.T.996
མཆན།
མཁན་པོ་ནམ་ཀའྀ་སྙིང་པོ།
1.༄།།མཁན་པོ་ནམ་ཀའྀ་སྙིང་པོའི་དགེ་བའྀ་བཤེས་ཉེན་གྱྀ་རྒྱུད་

འདི་དག་ནི་མཁན་པོ་ནམ་མཁའི་སྙིང་པོའི་མིང་གི་འབྲི་ཚུལ་ཡིན།
མཁོན་པོ་ནམ་ཀའྀ་སྙྀང་པོ།
21.་་་་་་ མཁོན་པོ་ནམ་ཀའྀ་སྙྀང་པོས་། ཁྲྀ་ག་ཤྀང་ཡོང་གི་སྤྲུལ་པ་ལ་
མཁན་པོ་ནམ་ཀྱྀ་སྙིང་པོ།
16. ་་་་་་མཁན་པོ་ནམ་ཀྱྀ་སྙིང་པོའི་ཡོན་ཏན་མདོར་བཤད་པ་
དགེ་སློང་ནམ་ཀའྀ་སྙིང་པོ།
16. ་་་་་་དགེ་སློང་ནམ་ཀའྀ་སྙིང་པོ་དང་པོ་
ཚྀག་ཙ་ནམ་ཀའྀ་སྙྀང་པོ།
53.་་ཁྲྀ་ག་མོང་ཡོག་མདའ་ན།ཚྀག་ཙ་ནམ་ཀའྀ་སྙྀང་པོའྀ་དབེན་སར་
ཚྀག་ཙ་ནམ་ཀ
12.་་་་་་སློབ་མ་ཚྀག་ཙ་ནམ་ཀས་དོན་རིག་ནས་
15. ་་་་་་ཚྀག་ཙ་ནམ་ཀ་ཆོས་ཀྱྀ་དོན་རིག་སྟེ་


ཏུན་ཧོང་ཡིག་ཚགསP.T.996པའི་ཁྲོད་དུ་མཁན་པོ་ནམ་མཁའི་སྙིང་པོའི་མིང་འབྲི་ཚུལ་ཐད་འབྲི་སྲོལ་མི་འདྲ་བ་དྲུག་ལྷག་འདུག་མོད། དོན་གྱིས་གང་ཟག་གཅིག་ལ་གོ་དགོས་ཤིང་མཁོན་པོ་ནམ་ཀའྀ་སྙྀང་པོ་ཞེས་པའི་མཁོན་པོ་ནི་མཁན་པོའི་བྲིས་ནོར་ཡིན་ཏེ། མཁན་པོ་ཞེས་པལས་ཀྱི་འགོ་བྱེད་དམ་བྱེད་པོའམ་རྩོམ་པ་པོ་སྟེ་སྙན་ངག་མཁན་པོ་ལྟ་བུ་དང་། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་མཁན་གྱི་བསྙེན་རྫོགས་ཀྱི་མཁན་པོ་ལྟ་བུ། གྲྭ་སའི་མཁན་པོསོགས་གོ་བ་མི་འདྲ་བ་གསུམ་ལྷག་འདུག་ལ། ཏུན་ཧོང་བོད་ཡིག་ཡིག་ཚགསP.T.996 པ་དང་ལྷག་པར་དུ་བསམ་གཏན་སྐོར་གྱི་ཡིག་ཆ་ལས་བྱུང་བའི་མཁན་པོ་སོགས་ནི་བསམ་གཏན་གྱི་མཁན་པོ་ལ་གོ་དགོས་ཤིང་། སྐབས་སུ་བབ་པའི་མཁན་པོ་ནམ་མཁའི་སྙིང་པོ་ཡང་དེ་ལས་མ་འདས་སྟེ་བསམ་གཏན་གྱི་མཁན་པོ་ཞིག་ཡིན་ལ་ཁོང་གི་དགེ་བའི་བཤེས་གཉེན་གྱི་རྒྱུད་ལ་གཞིགས་ན་རྟོགས་ནུས་སོ།།

        མདོར་ན། ཏུན་ཧོང་ཡིག་ཚགསP.T.996 པའི་དོན་ཚན་དང་པོ་ནི་མཁན་པོ་ནམ་མཁའི་སྙིང་པོའི་ལོ་རྒྱུས་ཡིན་ལ། དེས་ང་ཚོར་ཕྱོགས་ཡོངས་ནས་མཁན་པོ་ནམ་མཁའི་སྙིང་པོར་ཞིབ་འཇུག་བྱེད་རྒྱུར་ཁུངས་སྣེ་བཙུན་པ་གསུམ་ལྷག་འདོན་སྤྲོད་བྱས་ཡོད་དེ།

གཅིག  མཁན་པོ་ནམ་མཁའི་སྙིང་པོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རབ་ཏུ་བྱུང་ཞིང་། སྐུ་ཚེ་སྨད་ཀྱི་མཛད་པ་འཕྲིན་ལས་སོགས་མདོ་སྨད་ཙོང་ཁའི་ཡུལ་དུ་རྒྱས།    མཐར་དགུང་གྲངས་བདུན་ཅུ་རྩ་གཅིག་པ་སྟེ་ཁྱི་ལོའི་དཔྱིད་སླ་ར་བའི་ཚེས་ཉི་ཤུ་དགུ་ལ་ཁྲི་ཀའི་ཞོང་པོང་གི་དགོན་སར་སྐུ་མྱ་ངན་ལས་འདས།

གཉིས། མཁན་པོ་ནམ་མཁའི་སྙིང་པོས་ཐང་རྒྱལ་རབས་སྐབས་ཀྱི་བསམ་གཏན་མཁན་པོ་མན་ཧྭ་ཤང་སློབ་དཔོན་དུ་བསྟེན་ལ།  དེས་བོད་བཙན་པོའི་རྒྱལ་རབས་དུས་མཇུག་སྐབས་ཐང་བོད་བར་གྱི་འབྲེལ་བ་ལས་ཆོས་ལུགས་དང་རིག་གནས་ཐད་ཀྱི་འབྲེལ་བ་དམ་ཟབ་ཡིན་པ་ཤེས་ཐུབ།

གསུམ། མཁན་པོ་ནམ་མཁའི་སྙིང་པོའི་དགེ་བའི་བཤེས་གཉེན་གྱི་རྒྱུད་དང་ཁོང་གི་ཆོས་ཉམས་ལེན་གྱི་ལྟ་གྲུབ་སོགས་ལ་གཞིགས་ན་ཁོང་ནི་བསམ་གཏན་གྱི་མཁན་པོ་ཞིག་ཡིན་པ་རྟོགས་ཐུབ།

གཉིས། ཕྱིས་བྱུང་ཆོས་འབྱུང་དེབ་ཐེར་ལས་བྱུང་བའི་ནམ་མཁའི་སྙིང་པོ།
མཁན་པོ་ནམ་མཁའི་སྙིང་པོའི་ལོ་རྒྱུས་དང་མཛད་འཕྲིན་སྐོར་ཏུན་ཧོང་ཡིག་ཚགསP.T.996 པའི་ནང་དུ་བྱུང་ཡོད་པར་མ་ཟད། ཕྱིས་བྱུང་ཆོས་འབྱུང་དང་དེབ་ཐེར་དག་གི་ཁྲོད་དུའང་ཉུང་ཙམ་རེ་བྱུང་འདུག དེ་དག་གིས་ཕྱོགས་ཡོངས་ནས་ནམ་མཁའི་སྙིང་པོའི་མི་ཚེའི་ལོ་རྒྱུས་དང་མཛད་འཕྲིན་སོགས་འཐུས་ཇེ་ཚང་དང་གྲ་ཇེ་རྒྱས་སུ་གཏོང་བར་རིན་ཐང་བྲལ་བའི་རྒྱུ་ཆ་འདོན་སྤྲོད་བྱས་འདུག

དེ་ཡང་«རྙིང་མ་ཆོས་འབྱུང་གླེགས་བམ་དང་པོ་བཞུགས་སོ།།»ཞེས་པརདགེ་སློང་ནམ་མཁའི་སྙིང་པོ་ནི་རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་། རྟེན་དགེ་སློང་། ལོ་ཙྪ་ལེགས་པར་སྦྱངས་ནས་རྒྱ་གར་ལ་བྱོན། སློབ་དཔོན་ཧཱུཾ་ཀ་ར་སོགས་པཎ་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མས། རེ་ཞིག་ལྷོ་བྲག་མཁར་ཆུར་བྱོནཞེས་ཁོང་ནི་གནུབས་ཀྱི་རུས་རྒྱུད་ལས་འཁྲུངས་ཤིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་པོ་བོ་ངྷི་ས་ཏཱའི་མདུན་ནས་རབ་ཏུ་བྱུང་ལ། རྒྱ་གར་སོགས་སུ་ཕྱིན་ཏེ་གསང་སྔགས་ཀྱི་ཕྱོགས་ལ་སློབ་གཉེར་བྱས་ཤིང་། སློབ་དཔོན་གྱི་དབང་ལུང་མན་ངག་དང་གྲུབ་པ་ཐ་དག་ཉམས་སུ་བླངས་པས་གསང་སྔགས་ཀྱི་ཕྱོགས་ལ་གྲུབ་པ་མངའ་མཉེས་པའི་སྐྱེས་ཆེན་དམ་པ་ཞིག་ཏུ་གྱུར། དེར་མ་ཟད་ཁོང་ནི་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་བོད་ཡིག་ཏུ་བསྒྱུར་མཁན་གྱི་ལོ་ཙཱ་བ་ཞིག་ཀྱང་ཡིན་ཏེ།རྒྱ་བོད་ཡིག་ཚང་ཆེན་མོལས“གསང་སྔགས་ལའང་ལོ་ཙཱ་བ་སད་མི་མི་དྲུག་བྱ་བ་བྱུང་སྟེ། གནུབས་ནམ་མཁའ་སྙིང་པོ་དང་། འདྲེ་རྒྱལ་བོའི་བློ་གྲོས། རུ་གོང་བི་རྱ་ར་ཙ། དྲུག་གུ་ཨུ་པེ་ཤ། གླང་དཔལ་གྱི་སེང་གེ ཅེ་ཀུ་ཀུ་ར་ཙ་ལ” སོགས་པས་གསང་སྔགས་ཀྱི་བསྟན་པ་དར་བར་མཛད་ཚུལ་སོགས་བཀོད་འདུག་ལ། ཕྱིས་སུ་དར་མ་འུ་དམ་བཙན་པོས་སྲིད་ཁྲིར་མངའ་བསྒྱུར་ཞིང་བདུད་བློན་དག་གི་དཀུའི་སྦྱོར་བ་ལས་བཙན་པོའི་སྲིད་དབང་གི་ཚངས་ཐིགས་ཕྱོགས་སུ་འཁྱོག་ཏེ“ཅོག་རོ་ལེཊ་སྒྲལྷ་འདོངས་བཙན་དང་སྦས་རྒྱལ་ཏོ་རེ་སྟག་སྣང་ལ་སོགས་པས་དུས་ངན་ལ་ཁུངས་བྱུང་ནས་སྤྱོད་པ་ངན་པ་མིས་བྱས་རྒྱལ་ཁམས་ལ་ཁ་ལོ་བསྒྱུར”བའི་དུས་ངན་སྐབས་སུ། ཉེས་བ་ལེགས་པ་དང་ལེགས་པ་ཉེས་བར་རྩིས་ནས་ཆབ་སྲིད་ཀྱི་སྦྱོར་བ་ཕྱིན་ཅི་ལོག་ཏུ་བྱས། ནག་ཕྱོགས་ཀྱི་སྟོབས་ཤུགས་རྒྱས་པའི་དུས་སྐབས་ཤིག་ལ་གནུབས་ནམ་མཁའི་སྙིང་པོ་ལའང་རིམ་པ་མི་འདྲ་བའི་བརྡབ་གསིག་ཐེབས་པ་སྟེ“སྣུབས་ནམ་མཁའི་སྙིང་པོ་ཕོ་བྲང་དུ་སྤྱན་དྲངས་ནས་བསད་པར་བྱས་པ་ལ།   ད་ནི་ཇོ་བོ་གསོད་པ་ཡིན་ནོ་ཞེས་པས་འོ་ན་ཡི་དམ་བསྒོམ་དུ་ཆུག་ཅིག་ཟེར་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ནམ་མཁའ་ལ་ཐོག་གཅིག་བྱུང་ནས་རུས་མཛུབ་མོ་ལ་སྐོར་བས་རྒྱལ་པོ་བྲེད་ནས་ད་ནི་ཇོ་བོ་མི་དགུམ་མོ་ཟེར་བས་བྲག་དམར་གྱི་ལོགས་ལ་འཕངས་སྐད། དེ་ནས་ཅུང་ཞིག་མཉམ་པར་བཞག་པས་ཤར་གྱི་ནམ་མཁའ་ལ་རོལ་མོ་གླུ་དང་བཅས་མཁས་སྤྱོད་དུ་བཞུད་སྐད”ཞེས་གནུབས་ནམ་མཁའ་སྙིང་པོ་མཆོག་དགྲོངས་རྒྱུའི་སྦྱོར་བ་བརྩམས་མོད། ཁོང་གི་གྲུབ་རྟགས་ལས་བཙན་པོའི་འཁོར་ལ་ཞེད་སྣང་བསླངས་ཏེ་རེ་ཞིག་ཐར་བའི་གོ་སྐབས་བྱུང་བ་དང་། ནམ་མཁའ་ལས་རོལ་མོའི་སྒྲ་དང་བཅས་ཤར་ཕྱོགས་སུ་གཤེགས་ཚུལ་བཀོད་འདུག དོན་གྱིས་སྐབས་དེའི་སྤྱི་ཚོགས་རྙོག་འཛིང་ཆེ་བ་དང་བཙན་པོའི་རྒྱལ་རབས་ལ་ཆོས་ཕྱོགས་དང་སྲིད་ཕྱོགས་གཉིས་ཀ་ནས་མཛད་རྗེས་ཡོད་པའི་སྐྱེས་བུ་དག་མེད་བརླག་ཏུ་གཏོང་བའི་དུས་སྐབས་ཤིག་ལ་འཁེལ་ཡོད་པས་ཡིན་ལ། གནུབས་ནམ་མཁའི་སྙིང་པོ་མཆོག་རོལ་མོའི་སྒྲ་དང་བཅས་ནམ་མཁའ་ནས་ཤར་ཕྱོགས་སུ་མཁའ་སྤྱོད་དུ་གཤེགས་པའི་དོན་ཡང་ཁོང་ལ་ལྷ་ས་ནས་བོད་བཙན་པོའི་ཕོ་བྲང་གཞུང་གིས་བརྡབ་གསིག་ཐེབས་ཏེ་ཤར་ཕྱོགས་ཙོང་ཁའི་ཡུལ་དུ་ཕེབས་པའི་དོན་ཡིན་པ་ཤེས་ཐུབ་བོ།།

ཕྱིས་བྱུང་ཆོས་འབྱུང་དང་དེབ་ཐེར་ཁག་ལས་ནམ་མཁའི་སྙིང་པོ་མཆོག་གི་ལོ་རྒྱུས་མཚམས་འདིར་མ་གཏོགས་སྐུ་ཚེ་སྨད་ཀྱི་ཙོང་ཁའི་གནས་ཚུལ་སོགས་བཀོད་མེད་མོད། ཏུན་ཧོང་བོད་ཡིག་ཡིག་ཚགསP.T.996 པ་དང་སྦྱར་ན་ཁོང་གི་ཚེ་སྨད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་མི་ཚེ་ཧྲིལ་བོའི་ལོ་རྒྱུས་གུང་བསྒྲིགས་པ་ལ་ཁུངས་སྣེ་གསར་བ་ཞིག་བསྟན་འདུག དེ་ཡང་ཕྱིས་བྱུང་ཆོས་འབྱུང་དང་དེབ་ཐེར་ཁག་ལས་ནམ་མཁའི་སྙིང་པོའི་མཚན་གྱི་མགོར་རུས་གནུབས་དང་སྣུབས། གནུབ་ཞེས་འབྲི་ཚུལ་མི་འདྲ་བ་གསུམ་ལྷག་བྱུང་ཡོད་མོད་དོན་གྱིས་གཅིག་ཡིན་ཏེ། བོད་ཀྱི་རུས་ཆེན་བཞིའམ་མི་བུ་གདོང་དྲུག་ལས་མཆེད་པའི་རུས་གནུབས་ཡིན་ལ། ཏུན་ཧོང་ཡིག་ཆ་ལས་བོད་ཀྱི་རྒྱལ་ཕྲན་དང་རྗེ་བློན་གྱི་བྱུང་བ་བརྗོད་དུསཡུལ་གནུབས་གྱྀ་གླིང་དགུ་ན་རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས”ཞེས་རྒྱལ་ཕྲན་བཅུ་གཉིས་སྐབས་ནས་གནུབས་ཡུལ་གླིང་དགུ་དང་གནུབས་ཀྱི་མི་རྒྱུད་བྱུང་ཡོད་དེ། གནུབས་ཀྱི་རྒྱུད་ལས་བོད་བཙན་པོའི་སྐབས་ཀྱི་ཆོས་སྲིད་ལོ་རྒྱུས་ཐད་མཛད་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་སྐོར་ཞིག་ཀྱང་ལུ་གུའི་རྒྱུད་ཀྱི་ཚུལ་དུ་བྱུང་མྱོང་ལ།  རེའུ་མིག་ཏུ་བཀོད་ན་འདི་ལྟར།
མིང་།
དུས་སྐབས།
ལུང་ཁུངས།
མཆན།
སྣུབས་རྗེ་སྲིབས་པོ
རྒྱལ་ཕྲན་བཅུ་གཉིས
དབའ་བཞེད།
རྒྱལ་ཕྲན་རྒྱལ་བོ་ཞིག
གནུབས་སྨན་ད་རེ
རྒྱལ་ཏོ་རི་ལོང་བཙན
P.T.1287 ཡར་ལུང་ཇོ་བོའི་ཆོས་འབྱུང་།   རྒྱ་བོད་ཡིག་ཚང་ཆེན་མོ།    
བློན་པོ་ཞིག
གནུབས་གཉའ་དོ་རེ་གཙུག་བློན
ཁྲི་བཙུན་ནམ
ཡར་ལུང་ཇོ་བོའི་ཆོས་འབྱུང་། རྒྱ་བོད་ཡིག་ཚང་ཆེན་མོ།
བློན་པོ་ཞིག
གནུབས་སྐྱེས་ཐོག་རྗེ་མོང་བཙན
ཁྲི་ཐོག་རྗེ་ཐོག་བཙན
ཡར་ལུང་ཇོ་བོའི་ཆོས་འབྱུང་།རྒྱ་བོད་ཡིག་ཚང་ཆེན་མོ།
བློན་པོ་ཞིག
སྣུབས་མཐའ
ཁྲི་ཐོག་རྗེ་ཐོག་བཙན
ལྡེའུ་ཆོས་འབྱུང་བསྡུས་པ།
གཅུང་སྟེ་ཐང་མཚམས་སུ་ཕབ།
གནུབས་ཁྲོ་དར་རེ་
མཐོང་པོ
འབྲོང་གཉན་ལྡེའུ
P.T.1287  ཡར་ལུང་ཇོ་བོའི་ཆོས་འབྱུང་།  རྒྱ་བོད་ཡིག་ཚང་ཆེན་མོ།
བློན་པོ་ཞིག
སྣུབས་ཁྲི་ཐོག་རྗེ་གཟུང་བཙན
འབྲོ་སྙན་ལྡེ་འུ
P.T.1287  ལྡེའུ་ཆོས་འབྱུང་རྒྱས་པ། ལྡེའུ་ཆོས་འབྱུང་བསྡུས་པ།
བཙན་པོ་དང་མཉམ་དུ་གསོན་དུར་དུ་གཤེགས
སྣུབས་སྙ་རོ་དར་བཙུག་བློན
སྲོང་བཙན་སྒམ་པོ
ལྡེའུ་ཆོས་འབྱུང་རྒྱས་པ། ལྡེའུ་ཆོས་འབྱུང་བསྡུས་པ།
བློན་པོ་ཞིག
སྣུབས་ཡར་ཡར
སྲོང་བཙན་སྒམ་པོ
ལྡེའུ་ཆོས་འབྱུང་རྒྱས་པ།
ཆེ་བདུན་གྱི་ནང་གསེས།
སྣུབས་ཙན་ཏོ་རེ་ལང་སྣང
གུང་སྲོང་གུང་བཙན
ལྡེའུ་ཆོས་འབྱུང་རྒྱས་པ། ཡར་ལུང་ཇོ་བོའི་ཆོས་འབྱུང་།
བློན་པོ་ཞིག
སྣུབས་ནམ་མཁའ་སྙིང་པོ
ཁྲི་སྲོང་ལྡེ་བཙན
ལྡེའུ་ཆོས་འབྱུང་རྒྱས་པ། ལྡེའུ་ཆོས་འབྱུང་བསྡུས་པ།
གསང་སྔགས་བསྒྱུར་བའི་ལོ་ཙཱ་བ།
གནུབས་རིཊ་གསལ་བའི་དབང་ཕྱུག
ཁྲི་སྲོང་ལྡེ་བཙན
རྙིང་མ་ཆོས་འབྱུང་།
གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཡབ།
གནུབས་སངས་རྒྱས་ཡེ་ཤེས
ཁྲི་སྲོང་ལྡེ་བཙན
པདྨ་བཀའ་ཐང་།བཀའ་ཐང་སྡེ་ལྔ། རྙིང་མ་ཆོས་འབྱུང་།
ལོ་ཙཱ་བ་བརྒྱ་རྩ་བརྒྱད་དང་རྗེ་འབངས་ཉེར་ལྔའི་ནང་གསེས།
སྣུབས་སངས་རྒྱས་རིན་ཆེན
ཁྲི་སྲོང་ལྡེ་བཙན
ལྡེའུ་ཆོས་འབྱུང་རྒྱས་པ།
གསང་སྔགས་བསྒྱུར་བའི་ལོ་ཙཱ་བ།

གཞན་བཙན་པོ་ཁྲི་སྲོང་ལྡེ་བཙན་དབོན་སྲས་ཀྱི་སྐུ་རིང་ལ་བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་གསང་སྔགས་ཀྱི་བསྟན་བཅོས་མང་དུ་བསྒྱུར་བ་དང་། དེ་ལ་འགྱུར་བའི་ཆོས་འཆད་ཚུལ་བཞི་དང་ཡོངས་སུ་བསྐོར་བའི་ཆོས་འཆད་ཚུལ་བརྒྱད་སོགས་ཡོད་ལ། “སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མར་ཟུར་ལ་བབསཞེས་པ་ལྟར་སྣུབས་ཀྱི་རིགས་རྒྱུད་ལས་གསང་སྔགས་ཀྱི་ཕྱོགས་ལ་ཐོས་བསམ་སློབ་གཉེར་བྱས་ཏེ། གྲུབ་པ་མངའ་མཉེས་པའི་སྐྱེས་ཆེན་མང་དུ་བྱུང་ངོ་།།

མཇུག་བསྡུ་བ།
ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས༔  སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས༔  རྒྱལ་བ་མཆོག་དབྱངས་རྟ་སྐད་ཕྱོགས་བཅུར་ཁྱབ༔ མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་སློང༔”ཞེས་རྫུ་འཕྲུལ་དང་གྲུབ་པ་ལ་མངའ་བརྙེས་པའི་ནམ་མཁའི་སྙིང་པོ་ནི་གནུབས་ཀྱི་རིགས་རྒྱུད་ལས་འཁྲུངས་ཤིང་། གནུབས་ནི་བོད་ཀྱི་ཡབ་འབངས་རུས་དྲུག་གི་ནང་ཚན་ཞིག་སྟེ། ད་ལྟའི་གཙང་རིན་སྤུངས་ཁུལ་གྱི་སའི་ཆར་ཡོད་ལ། ཕྱིས་སུ་རིམ་བཞིན་མདོ་སྨད་ཀྱི་ཕྱོགས་སུ་ཁྱབ།

དེ་ཡང་གནུབས་ནམ་མཁའི་སྙིང་པོ་མཆོག་ཐོག་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རབ་ཏུ་བྱུང་ཞིང་། བར་དུ་རྒྱ་གར་སོགས་སུ་ཕྱིན་ཏེ་གསང་སྔགས་ཀྱི་ཕྱོགས་ལ་སྦྱངས་བ་ལྷུར་ལེན་མཛད། མཐའ་མར་བཙན་པོའི་ཕོ་བྲང་གཞུང་གི་བརྡབ་གསིག་ལས་ལྷ་ས་ནས་འདུག་མ་བཟོད་པར་ཤར་ཕྱོགས་ཙོང་ཁའི་ཡུལ་དུ་གོམས་ཁ་བསྒྱུར་ཅིང་། ཙོང་ཁ་ལྟེ་བ་བྱས་པའི་མདོ་སྨད་ཁྲི་ཀའི་ཡུལ་གྱི་བསམ་གཏན་གྱི་མཁན་པོ་གཙོ་གྲས་ཤིག་ཏུ་ཆགས། ཁོང་གི་མི་སྡེ་དུ་མའང་རྗེས་སུ་འབྲངས་ནས་རིམ་བཞིན་ཙོང་ཁའི་རྒྱུད་དུ་འཐོར་བ་དང་། དེང་སྐབས་ཀྱང་མདོ་སྨད་ཙོང་ཁའི་རྒྱུད་དང་ལྷག་པར་དུ་གནུབས་ནམ་མཁའི་སྙིང་པོ་དང་འབྲེལ་ཆེ་བའི་དེང་གི་གཅན་ཚའི་ཡུལ་ལུང གཅན་ཚ་རྫོང་གི་ནུབ་བྱང་གི་མཚམས་ན་ཁམས་ར་ཞང་ཟེར་བ་ཞིག་ཡོད་ལ། དེའི་ཁོངས་སུ་གནུབས་ཡར་ཀ་དང་གནུབས་མར་ཀ་ཟེར་བའི་གྲོང་ཚོ་ཞིག་ཡོད།རེ་ན། གནུབས་ཀྱི་རི་སྡེ་དང་ཚོ་བ་སོགས་ཡོད་ལ། ས་དེའི་ངག་རྒྱུན་ལགནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རུས་རྒྱུད་ཡིན་པ་ལས་ལོ་རྒྱུས་ཀྱི་ཁུངས་གསལ་བོ་ཞིག་བཤད་རྒྱུ་མི་འདུགཟེར་མོད། དོན་གྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐབས་མ་ཡིན་པར་གནུབས་ནམ་མཁའི་སྙིང་པོའི་སྐབས་ཡིན་པ་ཁོང་གི་མདོ་སྨད་ཀྱི་མཛད་པའི་གནས་ཚུལ་སོགས་ལོ་རྒྱུས་གུང་བསྒྲིགས་པ་ལས་ཤེས་ཐུབ་བོ།།

ཟུར་ལྟའི་དཔྱད་གཞི།
༡. 冲本克己:《大乘无分别修习义·序文——关于Pelliot 996的研究》          
༢. P.T.996号《堪布善知识南喀宁布善知识传承略说》
༣. ཀླུ་རྒྱལ་དོན་འགྲུབ། གནུབས་ཀྱི་རིགས་རྒྱུད་ལས་མཆེད་པའི་གནུབས་ནམ་མཁའི་སྙིང་པོ་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་སྐོར་ལ་ཅུང་ཙམ་དཔྱད་པ།》(ཀྲུང་གོའི་བོད་རིག་པ། 2015ལོའི་དེབ་དང་པོ།
༤. P.T.0996ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས། དེབ་བཅུ་པ།  ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2009ལོའི་ཟླ8པ།
༥. 尧主编《法藏敦煌藏文文献解题目录》,北京:民族出版社,1999年,第130页。
༦. 李德龙《古藏文禅宗文献》,载季羡林主编《敦煌学大辞典》,上海:上海辞书出版社,1999年,第485页。
༧. Pelliot tibetain Touen-houang 996
༨. ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། རྙིང་མ་ཆོས་འབྱུང་གླེགས་བམ་དང་པོ་བཞུགས་སོ།།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1992ལོའི་ཟླ3པ།
༩.བོད་ཀྱི་ཚིག་མཛོད་ཆེན་མོ།སྟོད་ཆ།  གློག་རྡུལ་དེབ།
༡༠. Pelliot tibetain Touen-houang 996
༡༡. དཔལ་འབྱོར་བཟང་པོ།རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1985ལོའི་ཟླ6པ།
༡༢. ལྡེའུ་ཇོ་སྲས།ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ་བཞུགས་སོ།།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1987ལོའི་ཟླ9པ།
༡༣. ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། རྙིང་མ་ཆོས་འབྱུང་གླེགས་བམ་དང་པོ་བཞུགས་སོ།།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1992ལོའི་ཟླ3པ།
༡༤.བཀའ་ཐང་སྡེ་ལྔ་ཞེས་བྱ་བ་བཞུགས་སོ།།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2015ལོའི་ཟླ3པ།

རྩོམ་པ་པོ་ངོ་སྤྲོད།
འཇམ་རྐང་གསང་བདག་ཚེ་རིང་། མཚོ་སྔོན་ཁྲི་ཀའི་མི་ཡིན།  སྤྱི་ལོ1992 ལོའི་ཟླ8 པར་མཚོ་སྔོན་མཚོ་ལྷོ་ཁྲི་ཀ་རྫོང་འཕྲང་དམར་དམེ་ཀྱཱའི་འཇམ་རྐང་ཚོ་བ་ནས་སྐྱེས།  ཕ་མའི་དྲིན་གྱིས་སློབ་གྲྭ་ཆུང་འབྲིང་སོགས་རིམ་གྱིས་འགྲིམས། སྤྱི་ལོ2010 ལོར་ནུབ་བྱང་མི་རིགས་སློབ་ཆེན་འགྲིམས། སྤྱི་ལོ2014 ལོར་དངོས་གཞི་སློབ་མཐར་ཕྱིན་པ་དང་མཉམ་དུ་སློབ་གྲྭ་དེ་གའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། སྤྱི་ལོ2017 ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས«ཏུན་ཧོང་ཡིག་ཚགསP.T.996 མཁན་པོ་ནམ་མཁའི་སྙིང་པོ་དང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱི་ལོ་རྒྱུསལ་དཔྱད་པ»ཞེས་པའི་མཐར་ཕྱིན་དཔྱད་རྩོམ་གྱི་རྩོད་རྒྱུགས་དམ་བཅའ་བཞག་ཏེ་ཞིབ་འཇུག་སློབ་མཐར་ཕྱིན། ད་ལྟ་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན། སྔ་ཕྱིར«ལོ་རྒྱུས་དོན་ཆེན་གནད་བསྡུས་ལས་བྱུང་བའི་མདད་གཏོང་བའི་སྐོར་ལ་རགས་ཙམ་དཔྱད་པ»དང་«ཏུན་ཧོང་ཡིག་ཆ P.T.1081 ལི་ཡང་དཔལ་ཁྱིམ་ཡིག་གང་ལ་གཏོགས་པའི་གྱོད་དོན་ཡི་གེའི་སྐོར་ལ་རགས་ཙམ་དཔྱད་པ» «ཏུན་ཧོང་ཡིག་ཚགསP.T.996 པར་བྱུང་བའི་ཁྲི་ཀ་དང་འབྲེལ་བའི་ས་མིང་གི་སྐོར་ལ་གསར་དུ་དཔྱད་པ»སོགས་རིག་གཞུང་དཔྱད་རྩོམ་དྲུག་ལྷག«རྩེར་སྙེག»སོགས་ཞིང་ཆེན་རིམ་པའི་ཚད་ལྡན་དུས་དེབ་སྟེང་སྤེལ་མྱོང་།

ཁྲི་ཀའི་བོད་འཕྲིན་སྤྱི་སྟེགས་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།