རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 10 May 2020

མགོན་པོ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དང་འབྲེལ་བའི་སྐད་ཆ་འགའ།

རྩོམ་པ་པོ། ཁ་བའི་བུ་ལོ།

དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་ཐུགས་རྗེ་ཅན་གྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་སྐྱེས་བུ་ཞིག་ཡིན་ཞིང་། འཕགས་ཡུལ་གྱི་ནཱ་ལེནྡྲར་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་ཏེ་དབུ་སྔགས་ཀྱི་བསྟན་པའི་སྙིང་པོ་འཛིན་པར་སུས་ཀྱང་ཟླར་མི་འོས་པ་ཞིག་ཀྱང་ཡིན། དགུང་གྲངས་དྲུག་བརྒྱར་བཞུགས་(དགུང་གྲངས་ཆིག་སྟོང་དུ་བཞུགས་དང་། སུམ་བརྒྱར་བཞུགས་ཟེར་བ་སོགས་བཤད་ཚུལ་མི་འདྲ་བ་ཡོད།)ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པ་ཡིན་ནོ།ཁོང་གིས་མཛད་པའི་བསྟན་བཅོས་དུ་མ་སྣང་བ་ལས་རིགས་པའི་ཚོགས་དང་འབྲེལ་བའི་སྐད་ཆ་ཉུང་ཙམ་ཞིག་བྲི་བར་འདོད། 


གཅིག

རིགས་ཚོགས་ཀྱི་གྲངས་འདོད་ཚུལ་ལ་མི་མཐུན་པ་མང་དུ་འབྱུང་སྟེ། བུ་སྟོན་ཐམས་ཅད་མཁྱེན་པ་ནི། ཁོང་གི་ཤེར་ཕྱིན་ལུང་གི་སྙེ་མ་ལས།“ཀླུ་སྒྲུབ་ཀྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས།” ཞེས་པ་ཙམ་ལས་གྲངས་གསལ་ཁ་མ་མཛད་ཀྱང་། ཁོང་གི་ཆོས་འབྱུང་ལས། “ སྙིང་པོའི་དོན་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་སྟེ།” ཞེས་གསུངས་ཏེ། སྟོང་ཉིད་བདུན་ཅུ་པ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་ཟློག་པ། ཞིབ་མོ་རྣམ་འཐག ཐ་སྙད་གྲུབ་པ་དང་དྲུག་བགྲངས་པར་མཛད།

རྗེ་བཙུན་རེད་མདའ་བ་ནི། ཁོང་གི་དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ལས། “དང་པོ་ནི། དབུ་མ་རིགས་པའི་ཚོགས་རྣམས་ཏེ། དེ་དག་གིས་རང་གཞན་གྱི་སྡེ་པ་རྟག་ཆད་དུ་སྨྲ་བ་མཐའ་དག་རིགས་པའི་སུན་འབྱིན་པའི་ཕྱིར་རོ། གཉིས་པ་ནི་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་སྟེ། དེ་དག་གིས་ནི་གདམས་པ་དང་རྗེས་སུ་བསྟན་པའི་ཚུལ་གྱིས་་གཞན་ལ་ཟབ་མོ་འདོམས་པའི་ཕྱིར།”ཞེས་གསུངས་ཏེ། དབུ་མ་རིན་ཆེན་ཕྲེང་བ་རིགས་ཚོགས་ལས་ཟུར་དུ་བགྲངས་ཤིང་། རིགས་ཚོགས་གཞན་རྣམས་བཤད་པ་ན་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ། རྩོད་ཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་སྟེ་ལྔ་ལས་མ་བཤད་པས་རིན་ཕྲེང་དང་ཐ་སྙད་གྲུབ་པ་གང་ཡང་རིགས་ཚོགས་སུ་མི་བཞེད་པ་གསལ་ལོ།

ཉ་དབོན་ཀུན་དགའ་དཔལ་ནི། ཁོང་གི་ཕར་ཕྱིན་ཡིད་ཀྱི་མུན་སེལ་ལས།“འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་ཟློག  ཐ་སྙད་གྲུབ་པ་སྟེ།”ཞེས་བུ་སྟོན་གྱི་ཆོས་འབྱུང་དང་མཐུན་པར་ཐ་སྙད་གྲུབ་པ་བགྲངས་པས་དྲུག་གི་གྲངས་མཛད་དོ།།

ཀུན་མཁྱེན་ཀློང་ཆེན་པ་ནི། ཁོང་གི་ཐེག་མཆོག་མཛོད་ལས། “འདི་གཞུང་ཆེན་པོ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག རྩོད་པ་ཟློག་པ། ཐ་སྙད་གྲུབ་པ་སྟེ།” ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པ་ཡང་། ཁོང་གི་དྲིས་ལན་ལུང་གི་གཏེར་མཛོད་ལས། “དབུ་མ་རིགས་པའི་ཚོགས་དྲུག་སྟེ།། རྩ་བ་ཤེས་རབ་ཐ་སྙད་གྲུབ།། རིགས་པ་དྲུག་ཅུ་རྩོད་ཟློག་དང་།། ཞིབ་མོ་རྣམ་འཐག་སྟོང་ཉིད་ནི།། བདུན་ཅུ་པོ་་་་་་་་་་་་།།” ཞེས་ཀུན་མཁྱེན་གཉིས་ཀས་ཐ་སྙད་གྲུབ་པ་བགྲང་བས་དྲུག་གི་གྲངས་ངེས་མཛད། (ལུང་འདི་གཉིས་གཞུང་གཞན་ལས་དྲངས།)


འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ནི། ཁོང་གི་སྔ་རྩོམ་གྲས་ཕར་ཕྱིན་འགྲེལ་པ་ལེགས་བཤད་གསེར་ཕྲེང་ལས། “དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་དང་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ཀྱི་དབང་དུ་མཛད་ནས། དང་པོ་ལ་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་དབུ་མའི་རྩ་བ། དེའི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་ཟློག་པ། རབ་བྱེད་བདུན་པ་སྐྱེ་གནས་འཇིག་པ་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་ལྔའོ། འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའང་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ནི་འཁྲུལ་པར་ཁོང་དུ་ཆུད་པར་བྱའོ།” ཞེས་དང་། ཕྱི་རྩོམ་རྩ་ཤེའི་རྣམ་བཤད་ལས། “རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ།” ཞེས་ལེགས་བཤད་སྔ་ཕྱི་གཉིས་ཀྱི་གསུང་ཟིན་ལ་མི་མཐུན་པ་ཙམ་འབྱུང་ཡང་། མཐར་ཐུག་གི་བཞེད་པ་ནི་ཕྱི་མ་ལྟར་ཡིན་ཞིང་། སྔ་མ་ནི་རྗེ་བཙུན་རེད་མདའ་ཆེན་པོའི་བཞེད་པ་བཀོད་པ་ཙམ་ཡིན་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་ལས། “དེས་ན་བླ་མ་རྗེ་ནི་རིགས་ཚོགས་ལྔར་བཞེད་ལ། ཐམས་ཅད་མཁྱེན་པ་ཙོང་ཁ་པ་རིན་ཆེན་ཕྲེང་བ་དང་དྲུག་ཏུ་བཞེད་དོ།།” ཞེས་བླ་མ་གཉིས་ཀྱི་མཐར་ཐུག་གི་དགོངས་པ་གསལ་བར་མཛད་པས་ཤེས་ནུས་སོ་སྙམ་མོ།།

འོ་ན། མཁས་གྲུབ་ཐམས་ཅད་མཁྱེན་པ་ཉིད་ནི་བླ་མ་རྣམ་གཉིས་ལས་གང་གི་རྗེས་སུ་འབྲང་སྟེ་རང་ལུགས་འཆད་པར་བྱེད་སྙམ་ན། རྣམ་བཤད་རྟོགས་དཀའི་སྣང་བ་ལས་ནི། “དེ་ཉིད་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དབུ་མ་རིགས་པའི་ཚོགས་རྣམས་སུ་རྒྱས་པར་འགྲེལ་བར་མཛད་ལ།” ཞེས་པ་ཙམ་ལས་རིགས་ཚོགས་ཀྱི་གྲངས་ངེས་དངོས་སུ་མ་མཛད་ཀྱང་། རྒྱུད་སྡེ་སྤྱི་རྣམ་ལས། “དེ་ལ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རིན་ཆེན་ཕྲེང་བ་དང་གསུམ་ནི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་དང་། གཞན་གསུམ་ནི་རྩ་ཤེ་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་སོ།།”ཞེས་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། “རིགས་པས་སྟོན་པ་ལ་རིགས་ཚོགས་ཀྱི་གཞུང་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་རྣམས་མཛད་ཅིང་།” ཞེས་གསུངས་པ་ལྟར་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་དགོངས་པ་ལྟར་འཆད་པ་གསལ་ལོ།།  

དེ་དང་མཐུན་པར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་རིན་ཆེན་ཕྲེང་བའི་དར་ཊིཀ་ཏུའང་། “ཟབ་མོ་དབུ་མའི་ལམ་རིགས་པས་བསྒྲུབ་པ་ནི། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་ཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་རྣམས་དང་། བསྟན་བཅོས་འདི་ལ་སོགས་པ་རྣམ་སུ་གཏན་ལ་ཕབ་ལ།”ཞེས་གསུངས་ཤིང་། བསྟན་བཅོས་འདི་ཞེས་པ་སྐབས་སྟོབས་ཀྱིས་རིན་ཆེན་ཕྲེང་བར་བསྙེག་དགོས་སོ། །དེས་ན་རྗེ་ཙོང་ཁ་པ་ཡབ་སྲས་གསུམ་ནི་རིགས་ཚོགས་ཀྱི་གྲངས་དང་བརྗོད་བྱ་བསྟན་ཚུལ་སོགས་མཐར་ཐུག་གི་དགོངས་པ་གཅིག་ཏུ་གནས་པར་འདུག་སྙམ་ལ། དེ་དང་ཕྱོགས་མཚུངས་སུ་དགེ་ལྡན་པའི་གདན་ས་ཁག་གི་ཡིག་ཆ་རྣམས་ཀྱང་རྗེ་ཡབ་སྲས་ཀྱི་རྗེས་སུ་འབྲང་སྟེ་འཆད་པས་འདིར་རེ་རེ་བཞིན་འགོད་པའི་ངལ་བ་མ་བྱས་སོ།།


ས་སྐྱའི་མཁས་པ་རོང་སྟོན་ཤེས་བྱ་ཀུན་རིག་གི་དབུ་མ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ལས། “རང་དང་གཞན་གྱི་སྡེ་པ་ཐམས་ཅད་ཀྱི་ལོག་པར་རྟོག་པ་བསལ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་བརྒྱད་དང་བྲལ་བར་སྟོན་པ་རྩ་བ་ཤེས་རབ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རང་བཞིན་སྐྱེ་མེད་དུ་བསྟན་པ་ལ་རྩོད་པ་སྤོང་བའི་དོན་དུ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་ཟློག་པ། སྐྱེ་འཇིག་རང་བཞིན་མེད་པར་བསྟན་པ་ལ་རྩོད་པ་སྤོང་བའི་དོན་དུ་འདུས་བྱས་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ་དང་བཞིའོ། །སྒྲུབ་བྱེད་རྟོག་གེའི་རིགས་པ་ནི་རྟོག་གེས་ཁེངས་པ་རྣམས་ཀྱི་ང་རྒྱལ་གཞོམ་པའི་ཕྱིར། དེ་དག་གིས་བརྟག་པ་ཚད་མ་ལ་སོགས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་གི་རིགས་པས་ཞིབ་ཏུ་འཐག་པར་བྱེད་པ་ཞིབ་མོ་རྣམ་པར་འཐག་པའོ།།” ཞེས་རིགས་ཚོགས་ལྔ་ཙམ་ལས་རིན་ཆེན་ཕྲེང་བ་དང་ཐ་སྙད་གྲུབ་པ་གང་ཡང་རིགས་ཚོགས་དུ་མི་བཞེད་ལ།

ས་སྐྱའི་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེའི་དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་པར་བཤད་པ་ཡང་དག་ལྟ་བའི་འོད་ཟེར་ལས། “ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་དང་། སྤྱོད་པ་གཙོ་བོར་སྟོན་པ་ལ་རྒྱས་པར་བྱང་ཆུབ་ཀྱི་ཚོགས། འབྲིང་མདོ་ཀུན་ལས་བཏུས་པ། བསྡུས་པ་བཤེས་པའི་སྤྲིང་ཡིག་སྟེ་གསུམ་དང་། ལྟ་སྤྱོད་ཆ་མཉམ་པར་སྟོན་པ་རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བའོ། །ཞེས་འཆད་མོད་ཀྱི། སྟོང་ཉིད་རིགས་པས་བསྒྲུབ་པ་ལྔ་དང་།།” ཞེས་གཞན་གྱི་རིགས་ཚོགས་དྲུག་ཏུ་འདོད་པ་མི་འཐད་པར་གསུངས་ནས་རང་ལུགས་ལ་རིགས་ཚོགས་ལྔར་བཞེད་པར་གསུངས།

ཡང་ས་སྐྱའི་མཁས་པ་བྱང་ཆུབ་བརྩོན་འགྲུས་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་འཐད་པའི་རྒྱན་ལས། “དེའི་ཕྱིར་སྔ་རབས་པ་ཁ་ཅིག་རིན་པོ་ཆེའི་ཕྲེང་བ་བསྣན་ནས་རིགས་པའི་ཚོགས་དྲུག་ཏུ་བྱེད་པ་དང་། རིགས་པའི་ཚོགས་སམ་ཁྱུ་ཞེས་བྱ་བ་ཡིན་གྱི་དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་ཟེར་བ་དང་། ཡང་རང་བཞིན་མེད་པར་སྟོན་པའི་རིགས་པའི་ཚོགས་ཀྱི་བསྟན་བཅོས་ལྔ་ཡིན་ནོ་ཟེར་བ་ཐམས་ཅད་ཚུལ་འདིས་བསལ་བ་ཡིན་ནོ།” ཞེས་ལུང་འདིའི་ལྟག་དེ་མ་ཐག་ཏུ་ཐ་སྙད་གྲུབ་པ་བགྲང་བས་རིགས་ཚོགས་དྲུག་གི་གྲངས་ངེས་པའི་འགྲེལ་བཤད་མཛད་ནས་སྔ་རབས་པ་གཞན་གྱི་འདོད་པ་འགོག་པར་བྱེད་དོ།།

དེས་ན་བོད་སྔ་ཕྱིའི་མཁས་པ་རྣམས་ལ་རིགས་ཚོགས་ཀྱི་གྲངས་ངེས་ལ་བཞེད་པ་མི་མཐུན་སྣ་ཚོགས་འབྱུང་ལ། འགའ་ཤས་ཀྱིས་ནི་“རིགས་པའི་ཚོགས་”ཞེས་པ་ཙམ་ལས་ལྔ་དང་དྲུག་སོགས་ཀྱི་རྣམ་དབྱེ་གང་ཡང་མ་མཛད་པར་ཡང་སྣང་ངོ་།། 


གཉིས།

ཞར་བྱུང་ཐ་སྙད་གྲུབ་པ་ཅུང་ཙམ་གླེང་བ་ལ། གོང་དུ་དྲངས་པ་ལྟར་ཐ་སྙད་གྲུབ་པ་ནི་སྔ་རབས་པའི་མཁས་པ་དུ་མས་ཀླུ་སྒྲུབ་ཀྱི་གསུང་དུ་བཞེད་པ་མ་ཟད། རིགས་ཚོགས་ཀྱི་གྲངས་སུའང་འདྲེན་པར་མཛད་པས་འདིའི་སྐོར་ནི། བུ་སྟོན་ཐམས་ཅད་མཁྱེན་པས། ཆོས་འབྱུང་དུ། “དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ།” ཞེས་དང་། ས་སྐྱའི་མཁས་པ་བྱང་ཆུབ་བརྩོན་འགྲུས་ཀྱིས་ཀྱང་། རྩ་ཤེའི་འགྲེལ་པ་འཐད་པའི་རྒྱན་ལས། “རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བ་ལ། རང་བཞིན་མེད་པ་ལ་བཅོས་མ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་སྟོན་པ་ཐ་སྙད་གྲུབ་པ་གསུངས་པ་ཡིན་ནོ།” ཞེས་ལུང་གཉིས་ཀྱིས་ཐ་སྙད་གྲུབ་པའི་གཞུང་གི་བརྗོད་བྱ་དོན་དམ་དང་ཀུན་རྫོབ་ཀྱི་འཇོག་ཚུལ་བཤད་པ་གསལ་བར་གསུངས་ལ། ཀུན་མཁྱེན་ཉ་དབོན་གྱིས་ཡིད་ཀྱི་མུན་སེལ་ལས། “ཕྱི་མ་འདི་བོད་དུ་མ་འགྱུར་རོ།” ཞེས་ཐ་སྙད་གྲུབ་པ་རིགས་ཚོགས་དྲུག་གི་ཡ་གྱལ་དུ་བགྲང་ཡང་བོད་དུ་འགྱུར་མེད་པར་བཤད་ཅིང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས། རིན་ཆེན་ཕྲེང་བའི་དར་ཊིཀ་ལས་ནི། “ཐ་སྙད་གྲུབ་པ་ནི། དབུ་མ་རྒྱན་གྱི་འགྲེལ་པར། ཚིགས་བཅད་ཁ་ཡར་དྲངས་པ་ཙམ་མ་གཏོགས་བོད་དུ་ཚང་མ་མ་འགྱུར་རོ།” ཞེས་གསུངས་ཤིང་། འདིར་ཚང་མ་བོད་དུ་མ་འགྱུར་བར་བཤད་པའི་ཤུགས་ཀྱིས་གོང་གི་ཉ་དབོན་གྱིས་བོད་དུ་མ་འགྱུར་བར་བཤད་པ་གཉིས་ལ་འགལ་འདུ་མེད་པ་ཤེས་དགོས། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་ལས། “སྔ་རབས་དག་ཐ་སྙད་གྲུབ་པ། ཞེས་བྱ་བ་དང་དྲུག་ཏུ་འདོད་ལ། རང་རེའི་བླ་མ་དག་ཐ་སྙད་གྲུབ་པ་ཞེས་བྱ་བའི་གཞུང་རིགས་ཚོགས་ཀྱི་ཡ་གྱལ་ཞིག་ཡོད་ན། འཕགས་པའི་སློབ་མ་རྣམས་ཀྱིས་གཞུང་དུ་འཕགས་པའི་གཞུང་ཐམས་ཅད་མ་དྲངས་པ་མེད་པས། དེ་དག་ཏུ་དྲངས་འོངས་དགོས་པ་ལས། དེ་དག་ཏུ་དྲངས་པ་གཅིག་ཀྱང་མ་བྱུང་བའི་ཕྱིར་དང་། ཚིག་གསལ་གྱི་གཤམ་དུ་རིགས་ཚོགས་ཐམས་ཅད་བགྲངས་ཀྱང་ཐ་སྙད་གྲུབ་པ་མ་བགྲངས་པའི་ཕྱིར། མེད་པར་ཤེས་གསུང་ངོ་།” ཞེས་རྒྱུ་མཚན་གཉིས་ཀྱི་སྒོ་ནས་ཐ་སྙད་གྲུབ་པ་ཞེས་པའི་གཞུང་མེད་པའི་གསུང་རྒྱུན་བཀོད་དོ།། 

འདིར་ཚིག་གསལ་གྱི་གཤམ་དུ་རིགས་ཚོགས་ཐམས་ཅད་བགྲངས་ཀྱང་ཐ་སྙད་གྲུབ་པ་མ་བགྲངས་ཞེས་པའི་ཚིག་གསལ་གྱི་གཤམ་གྱི་ཚིག་ནི་ཚིགས་བཅད་འདི་ཉིད་ཡིན་ཏེ། “མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་།། འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་།། རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་།། གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་།།” ཞེས་པའོ། །ད་དུང་མཁས་གྲུབ་ཆེན་པོ་མཻཏྲེའི་མཚན་ཅན་ནམ་རྗེ་བཙུན་བྱམས་བསྟན་པའི་དབུ་མ་ཐལ་ཕྲེང་ངེས་དོན་ལུང་རིགས་ཀྱི་འདོད་འཇོ་ལས། “འདི་ལ་ཁ་ཅིག རིན་ཆེན་ཕྲེང་བ་རིགས་ཚོགས་སུ་མི་འཐད་དེ། དེ་གཏམ་ཚོགས་དྲུག་གི་ནང་ཚན་ཡིན་པའི་ཕྱིར། དེས་ན་འགྲེལ་པ་ག་ལས་འཇིགས་མེད། ཐ་སྙད་སྒྲུབ་པ་གང་རུང་གཅིག་རིགས་ཚོགས་སུ་འདྲེན་ནོ་ཟེར། འགྲེལ་པ་ག་ལས་འཇིགས་མེད་རིགས་ཚིགས་སུ་མི་འཐད་དེ། དེ་ཀླུ་སྒྲུབ་ཞབས་ཀྱིས་བྱས་པ་མ་ཡིན་པར་འོག་ནས་སྒྲུབ་པའི་ཕྱིར། ཐ་སྙད་སྒྲུབ་པ་ཡང་རིགས་ཚོགས་སུ་མི་འཐད་དེ། རིགས་ཚོགས་ཞེས་པ་བོད་དུ་བྱས་པའི་ཐ་སྙད་ཡིན་ལ། ཀླུ་སྒྲུབ་ཀྱིས་མདོའི་ཐ་སྙད་སྒྲུབ་པ་ཞེས་པའི་བསྟན་བཅོས་བོད་དུ་མ་འགྱུར་བའི་ཕྱིར།” ཞེས་གསུངས་སོ། དེང་གི་རྩོམ་པ་པོ་གཞན་གྱིས་བཤད་པ་གཞན་དུ་བགྱིས་པ་རེ་ཟུང་མཐོང་མོད་ཀྱང་དེ་ཙམ་གྱིས་གལ་གནད་དུ་མ་མཐོང་བས་འདིར་འཐད་མིན་གྱི་བཤད་པ་མ་བཀོད་དོ། །དེ་ལྟར་གོང་འོག་གི་གསུང་དག་གི་བབས་ལ་གཞིག་ཚེ་ཐ་སྙད་གྲུབ་པ་ཞེས་པའི་ཀླུ་སྒྲུབ་ཀྱི་གཞུང་ཞིག་བོད་དུ་མ་འགྱུར་བར་སྣང་ཞིང་། བོད་སྔ་མ་དག་གིས་རིགས་ཚོགས་ཀྱི་གྲངས་སུ་བགྲང་བ་ལ་ལུང་རིགས་ཀྱི་རྒྱབ་རྟེན་ཚད་མ་གང་ཞིག་ལ་བརྟེན་པའང་ཡང་དག་པའི་གཏན་ཚིགས་དང་བཅས་འཆད་དགོས་པར་སེམས་སོ།།

ད་དུང་འདིར་རིགས་ཚོགས་རྣམས་ཀྱིས་བརྗོད་བྱ་གཙོ་བོ་གང་བསྟན་དང་། རྩ་བ་གང་ལས་ཡན་ལག་གང་འཕྲོས་ཚུལ་སོགས་འགའ་ཟུང་གླེང་འོས་སུ་ཆེ་ཡང་མངས་སུ་དོགས་ནས་མ་བྲིས་སོ།། 2020/05/02 ཉིན་ལ།།

 

ཡོངས་ཁུངས། ཁྱུང་ཡོན་བོད་ཡིག་སྤྱི་སྟེགས།

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།