རྩོམ་པ་པོ། དོལ་པོ་ཚྭ་དགའ་བ་ཚེ་རིང་བསམ་གྲུབ།
འགྲན་གྱི་ཟླ་མེད་ཟས་གཙང་རྒྱལ་གཞིས་ཀྱི་དབང་ཐང་གིས་ཀྱང་།
ཚིམ་པར་མ་ནུས་པའི་འདོད་པ་དེ།
མཛེས་མ་འབུམ་གྱི་ཕུལ་བྱུང་ས་འཚོ་མའི་མཛེས་སྡུག་གི་ལང་ཚོས་ཀྱང་།
སྐོང་བར་མ་ནུས་པའི་འདོད་པ་དེ།
ཕོ་བྲང་གི་གསེར་ཁྲི་ནས་བབས་ཏེ།
དབེན་པའི་ནགས་ཁྲོད་ལ་གཤེགས་སོང་།
གསེར་དངུལ་རྒྱན་ཆ་དང་ཕུན་ཚོགས་འདོད་ཡོན་རྣམས།
སྐྲ་ལོ་དང་མཉམ་དུ་བྲེགས་ཏེ།
ཆོས་གོས་གཙས་པོས་ལུས་པོ་བཅིངས།
འཚོ་བ་ལྷུང་བཟེད་ལ་བརྟེན་ཅིང་།
བླ་གབ་ཤིང་གི་གྲིབ་བསིལ་ལ་བརྟེན།
སློབ་དཔོན་མང་པོའི་ཞབས་རྗེས་བསྙེགས་ཏེ།
ཐོས་བསམ་མང་དུ་བགྱིས་མཐར།
འཁོར་བའི་རྩ་བ་དང་།
སྡུག་བསྔལ་གྱི་སྙིང་པོ།
རེ་དོགས་ཀྱི་ལྟེ་བ་དང་།
འཁྲུལ་བའི་གཞི་མ་དེ།
སེམས་ཀྱི་ནང་རིམ་མཐར་ཐུག་དེར།
ཨ་འཐས་སུ་ཆགས་པའི་བདག་ཏུ་ལྟ་བའི།
བསམ་བློ་དེ་ཡིན་པར་ར་འཕྲོད་གཙང་མ་བྱུང་།
དེ་ནས་བཟུང་“བདག”སྤོང་བའི་དོན་ལ།
ཐབས་ལམ་ཡོད་དོ་ཅོག་ལག་ཏུ་བླངས་ཤིང་།
ལྷག་པར་ལོ་ངོ་ཧྲིལ་པོ་དྲུག་གི་རིང་།
ཚད་ལས་འདས་པའི་ཟས་བཅད་དཀའ་ཐུབ་ཀྱིས།
“བདག”་དང་འཐབ་རྩོད་མཐའ་རུ་འཁྱོལ་བར་བྱས།
འོན་ཀྱང་། ཤ་པགས་སྐམ་ཞིང་ལུས་གཟུངས་རྫོགས་ཏེ།
འཆི་བའི་ཚད་ལ་བསླེབས་རུང༌།
“བདག་”ལས་རྒྱལ་བར་མ་ནུས།
ཐབས་ལམ་ཡོད་ཚད་ལག་ཏུ་བླངས་ཤིང་།
བྱ་བ་ཐམས་ཅད་མཐའ་རུ་བསྐྱལ་མཐར།
བྱེད་རྒྱུ་གང་ཡང་ལྷག་མེད་པའི་མཐར་ཐུག་གི་ཡི་ཆད་ཆེན་པོའི་དེའི་སྣེ་མོ་ན།
གློ་བུར་དུ་སེམས་ཀྱི་བཙན་ས་རྟོགས་སད་ཤིག་གིས་བཟུང་སོང་།
དེ་ནི། “ད་བར་དུ་ཐབས་ཤེས་ཡོད་དགུ་བཏོན་ཏེ།
ཚད་ལས་བརྒལ་བའི་སྡུག་བཙིར་དང་མནར་གཅོད་ཀྱིས།
བདག་དང་འཐབ་རྩོད་མཐའ་གཅིག་དུ་བྱེད་མཁན་དེ་ཡང་།
བདག་ཉིད་ལས་གུད་དུ་མ་གྱུར་བར་རྟོགས་པ་”དེའོ།།
“བདག”སྤོང་བར་བརྩོན་པ་དེ་ཡང་།
བདག་རང་གི་བྱ་རྩོལ་ཞིག་ཡིན་པར་རྟོགས་པ་དེ་མ་ཉིད་དུ།
གཉིས་སྣང་གི་ཆུ་བོ་རང་ས་ཉིད་དུ་སྐམ་སོང་།
འབད་རྩོལ་གྱི་རི་བོ་རང་ས་ཉིད་དུ་ཉིལ་སོང་།
གཞོན་ནུ་དོན་གྲུབ་ཀྱི་དོན་ཆེན་དེ་མ་བསྒྲུབས་པར་འགྲུབ་སོང་།
ཉི་མ་འབུམ་ཕྲག་དུས་གཅིག་ཏུ་ཤར་བ་ལྟ་བུའི།
རྟོགས་སད་ཀྱི་འོད་སྣང་དེས།
མུན་པ་མ་ལུས་རྨེག་མེད་དུ་བཅོམ་སོང་།
ཟིན་དུ་མེད་པའི་རྩོལ་བ་དང་།
གྲོལ་དུ་མེད་པའི་བསམ་བློའི།
རང་འཚང་དེ་རྗེན་གཅེར་དུ་བཏོན་སོང་།
གཟུང་བ་དང་འཛིན་པ།
བྱ་བ་དང་བྱེད་པོ།
སྒྲུབ་པ་དང་སྒྲུབ་པོ་སོགས།
“བདག་”གི་ཆོ་འཕྲུལ་ཏེ།
གཉིས་སྣང་གི་འཁྲུལ་བ་དེའི་སྦུབས་ནས།
ཉི་མ་སྤྲིན་ལས་ཐར་བ་ལྟར་ཐར་སོང་།
རྩོལ་བ་ཐམས་ཅད་ལས་བརྒལ་པའི་ཕ་མཐའ་དེ་ནས།
སྒྲུབ་ཏུ་མེད་པའི་དོན་ཆེན་དེ་མ་བསྒྲུབས་པར་འགྲུབ་སོང་།
བསམ་བློ་ཐམས་ཅད་ལས་འདས་པའི་ཕ་མཐའ་དེ་ནས།
བགྲོད་ལམ་མེད་པའི་ས་ཆ་དེར་མ་བགྲོད་བར་བསླེབས་སོང་།
སྤང་བླང་མེད་པའི་ཞི་བའི་གོ་འཕང་དེ་བརྙེས་རྗེས།
བྱ་རུ་མེད་པའི་བྱ་བ་འབད་རྩོན་གྱིས་སྒྲུབ་ཅིང་།
བློ་ལས་འདས་པའི་གནས་ལུགས་བསམ་བློ་ཡིས་འཚོལ་བའི།
རྨོངས་འཐོམ་གྱི་སྐྱེས་བུ་རྣམས།
རྨོངས་གཉིད་ལ་སློང་བའི་སྙིང་རྗེ་དེ་ཡོད་མོད།
འཇིག་རྟེན་ཐ་སྙད་ཀྱི་ནང་ལ་མེད་པའི་བློ་འདས་ཀྱི་གནས་ལུགས་དེ།
ཇི་ལྟར་བཤད་ཀྱང་།
གོ་ནོར་ཐེབས་རྒྱུ་ཉག་ཅིག་ཏུ་དགོངས་ནས།
དང་ཐོག་མི་སྨྲ་བར་ནགས་ཁྲོད་དུ་བཞུགས་རྒྱུའི་བློ་ཐག་བཅད།
འོན་ཀྱང་མུན་ནག་ཁྲོད་སྦར་གཡོབ་རྒྱག་པའི།།
རྨོངས་པ་རྣམས་སྙིང་རྗེས་བཟོད་པར་མ་ནུས་པས།
མཐར་སྨྲ་བསམ་བརྗོད་མེད་ཀྱི་དམ་ཆོས་དེ།
སྨྲ་བརྗོད་ཀྱི་ལམ་ལ་མ་ཞུགས་ཐབས་མེད་བྱུང་།
བླ་མ་དང་སློབ་མ་མེད་པའི་དམ་ཆོས་དེ།
དད་པ་དང་འཇིགས་སྐྲག་ལ་མ་བརྟེན་པའི་བདེན་པ་དེ།
དེ་སྔ་སུས་ཀྱང་མ་བཤད་ཅིང་སུས་ཀྱང་མ་ཐོས་པའི་སྐད་ཆ་དེ།
མི་འཇིགས་གདོང་ལྔའི་ང་རོ་ལྟར་ས་སྟེང་དུ་བསྒྲགས་པ་ན།
ཡ་གི་ཁྲི་ཐོག་ལ་བཞུགས་པའི་རྒྱལ་པོ་ནས།
མ་གི་སྲང་ལམ་ན་ཉུལ་བའི་སློང་མོ་བའི་བར།
རྐང་གཉིས་ཅན་གྱི་འགྲོ་བ་ཡོངས་རྫོགས་ཀྱི་དབུ་འཕང་དེ།
ཁྱེད་ཀྱི་ཞབས་དྲུང་དུ་དུད་སོང་། །
ཡིན་ན་ཡང་ཁྱེད་ནི་སྔར་ལྟར་བླ་གབ་གྲིབ་བསིལ་ལ་བརྟེན་ཅིང་།
འཚོ་བ་ལྷུང་བཟེད་ལ་བརྟེན་པ་མ་གཏོགས།
དབུ་གདུགས་གསུམ་བརྩེགས་ཀྱི་འོག་དང་།
སེང་གེའི་ཁྲི་འཕང་དཔང་གི་སྟེང་ལ་ནམ་ཡང་བཞུགས་མ་མྱོང་།
རང་གི་མགོན་སྐྱབས་རང་ཉིད་ཡིན་པ་དང་།
རང་གི་ཐར་པ་རང་ཉིད་ལ་རག་ལས་པ་སོགས།
ཐོག་མཐའ་བར་གསུམ་དུ།
བཅིངས་གྲོལ་རང་བཞིན་ཅན་གྱི་གསུང་བཤད་འབའ་ཞིག་གནང་བ་མ་གཏོགས།
ཐམས་ཅད་མཁྱེན་པའི་ཆོ་ལོ་དེ་ཁྱེད་ཀྱིས་མ་བཞེས་ཤིང་།
འཇིག་རྟེན་མགོན་པོའི་འགན་ཁག་དེ་ཁྱེད་ཀྱིས་མ་ཁུར་བས།
ཁྱེད་ཉིད་མི་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་ནམ་ཡང་བཞུགས་པ་མེད།
འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་དང༌།
བདག་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་པ།
ཆོས་ཐམས་ཅད་ནི་བསམ་བློ་ལས་འདས་པ་ཡིན་པ་དང་།
རེ་དོགས་དང་བྲལ་པ་ནི་ཞི་བ་ཡིན་པ་སོགས།
སྣང་སྲིད་ཀྱི་གནས་ལུགས་ངོ་མ་དེ་ངོ་སྤྲོད་པའི་ཐབས་ལ་བཞུགས་པ་མ་གཏོགས།
འགྲོ་བའི་སྡུག་བསྔལ་ཕྱག་གིས་བསལ་བའི་རྣམ་ཐར་མ་བཞག་ཅིང་།
ཉིད་ཀྱིས་རྟོགས་པ་གཞན་ལ་འཕོ་བའི་འཆོ་འཕྲུལ་ཡང་མ་བསྟན།
བཅིངས་པ་ཐམས་ཅད་ཀྱི་མཐར་ཐུག
བདག་ཏུ་ལྟ་བའི་བསམ་བློའི་བཅིངས་བ་ལས་ཀྱང་གྲོལ་བའི་ཐབས་ལ་གཞུགས་པ་ཡིན་པས།
ཆོས་ལུགས་དང་སྒྲུབ་སྡེའི་བཅིངས་པ་གསར་གཏོད་མ་བྱས།
ལྷག་པར་དུ་ཐ་སྙད་ཀྱིས་ནམ་ཡང་མཚོན་པར་མི་ནུས་པའི་གནས་ལུགས་དེ།
ཐ་སྙད་ཀྱི་གཞུང་ལུགས་སུ་མ་བཞག་ཅིང་།
གསུང་བཤད་འབྲུ་གཅིག་ཀྱང་ཡི་གེར་མ་བཀོད་ལ་འགོད་དུ་ཡང་མ་བཅུག
འཇིགས་པ་ཐམས་ཅད་ལས་ཐར་བའི་སེམས་པ་དེ།
གང་གིས་ཡང་འཇིགས་པར་མི་ནུས་མོད།
སྒྱུ་ལུས་འདུས་བྱས་ཀྱི་ཕུང་ཁམས་དེ།
ན་སོ་དང་མཉམ་དུ་འཇིགས་འགྲོ་བ་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཡིན་པས།
མི་ཚེ་གཅིག་གི་རིང་བགྲོ་གླེང་དང་གསུང་བཤད་སོགས་ཀྱི་ལམ་ནས།
སྐྱེས་བུ་རྣམས་བཅིངས་པ་ལས་གྲོལ་བའི་བྱ་བ་ཁོ་ན་ལ་འབུངས་མཐར།
དགུང་ལོ་བརྒྱད་ཅུ་རྩ་གཅིག་ལ་སོན་པ་ན།
སྒྱུ་ལུས་ཀྱི་ཕུང་པོ་དེ་རང་བྱུང་ཁམས་ལ་ཕྱིར་སློག་གནང་སོང་།
ཟབ་ཅིང་ཞི་ལ་འོད་གསལ་འདུས་མ་བྱས་ཀྱི་ནོར་བུ་ཞིག
འཛམ་བུའི་གླིང་གི་སྐྱེས་བུ་རྣམས་ལ་ལེགས་སྐྱེས་སུ་བསྩལ་མོད།
ཁོང་ཚོས་བཀའ་བསྡུས་པའི་“སྡེ་སྣོད་”ཅེས་པའི་ཡིག་ནག་གི་ཕུང་པོ་ཞིག་ལས།
གཞན་གང་ཡང་བདག་པོ་རྒྱག་མ་ནུས།
ཁོང་ཉིད་འཇིག་རྟེན་འདི་ནས་གཤེགས་པ་དང་མི་རིང་བར།
ཁོང་གིས་ཡིག་ཐོག་ཏུ་འགོད་དུ་མ་བཅུག་པའི་བདེན་པ་དེ།
རྗེས་འཇུག་པ་རྣམས་ཀྱིས་ཡིག་ཐོག་ཏུ་བཀོད་ནས།
གྲུབ་མཐའ་དང་གཞུང་ལུགས་སུ་གཏན་འབེབས་བྱས་སོང་།
ཁོང་གིས་ཁྱིམ་སྤངས་ནས་འབྲོག་དགོན་དང་སྡོང་ནགས་འགྲིམས་མོད།
ཁོང་འདས་པ་དང་རྗེས་འབྲངས་པ་ཚོས།
དབེན་གནས་དེ་དག་དགོན་པ་ཞེས་པའི་ཁྱིམ་ཚང་རེ་རེ་རུ་འཛུགས་སྐྲུན་བྱས་སོང་།
ཁོང་གི་ལྷུང་བ་བཟེད་པའི་ལྷུང་བཟེད་དེ།
ཁོང་ཚོས་ཟས་ཀྱི་ཕུད་ཁོ་ནས་བཀང་ཞིང་།
ཁོང་གིས་དུར་ཁྲོད་ནས་བཙལ་བའི་ཆོས་གོས་དེ།
ཁོང་ཚོས་སྒོར་མོའི་ཕོན་པོ་རེ་རེ་འཐུམ་བསྒྲིལ་བརྒྱབས་སོང་།
ལྷག་པར་དུ་“བཀའ་བསྡུ་”ཞེས་པའི་བྱས་ཉེས་ཆེན་པོ་དེས།
ཐ་སྙད་ཀྱིས་མཚོན་པར་མི་ནུས་པའི་བདེན་པ་དེ།
ཐ་སྙད་ཀྱིས་དམར་གསོད་དུ་བཏང་འདུག
མདོར་ན་ཁོང་གིས་ཐར་པའི་ལམ་དུ་བསྟན་པའི་དམ་ཆོས་དེ།
ང་ཚོས་ལྕགས་ཀྱི་སྒྲོམ་དུ་བཅོས་ནས་རང་ཉིད་བཙོན་དུ་བཅུག་ཡོད།
འདི་ནི་ང་ཚོར་མཚོན་ན་ནམ་ཡང་གུན་གསབ་མི་སྲིད་པའི།
ཕམ་ཁ་ཆེན་པོ་ཞིག་ཡིན།
༡༠།༡༠།༢༠༡༧།
ཡོངས་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་ཕབ་བཤུས་བྱས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།