རྩོམ་པ་པོ། གངས་སེང་དཀར་མོ། (སློབ་དཔོན་ཚུལ་ཁྲིམས་ནོར་བུ། རྣམ་གྲོལ་གླིང་།)
བཅུ་དྲུག་ལང་ཚོས་སྒེག་པའི་མཚོ་བྱུང་ལྷ་མོ།།
མགྲིན་པ་འོ་མའི་མཚོ་ལ་བདེ་བར་བཞུགས་དང་།།
དེ་རིང་དབྱངས་ལ་སྒྲིབ་པ་རྡུལ་ཙམ་མེད་པའི།།
བསྟོད་པ་སྤྲིན་གྱི་རོལ་མོ་ང་ལ་འཁྲོལ་རོགས།།
དྲང་སྲོང་སྨ་ར་ཅན་ཚོའི་ཁྲུས་ཀྱིས་མཆོད་ས།།
མེ་ཏོག་ཆར་གྱིས་ཕེབས་ལམ་ཆག་ཆག་ཞུ་ས།།
ཆེ་དགུའི་གཙུག་ན་བཞུགས་པའི་ལྷ་བུ་དཀར་པོ།།
བསྟན་པའི་ཚུགས་ཤིང་འདྲ་བའི་ཞི་བདེའི་རྗེ་བོ།།
ཚངས་ཆེན་སྲས་མོས་ཕུལ་བའི་རྒྱུད་མངས་དཀྲོལ་ས།།
གསེར་དངུལ་པ་ཏྲ་བརྐོས་མས་ཆེ་བསྟོད་འབེབས་ས།།
འཛུམ་ཤ་འོད་ཀྱིས་དཀྲིས་པའི་ཤཱཀྱའི་དགེ་སློང་།།
ས་ཆེན་རིགས་པས་གཤག་པའི་གངས་ཅན་མགོན་པོ།།
ཕྲ་མཐོང་རྒྱང་ཤེལ་ཅན་ཚོ་གཞོགས་ལ་འདུ་ས།།
དགོད་སྒྲ་ལྷུག་ལྷུག་དེས་ཀྱང་ཐམས་ཅད་མགུ་ས།།
མེ་ཏོག་ཕྲེང་བས་འཇམ་པའི་ཐལ་མོ་སྦྱོར་མཁན།།
བྱམས་བརྩེའི་ཁ་ངོ་འབུས་པའི་མི་ཕོ་ཆེན་པོ།།
སྟོན་པའི་ན་བཟའ་སེར་པོའི་འོད་ཟེར་འབབ་ས།།
བྱིན་རླབས་བདུད་རྩིའི་སིལ་མ་ངག་ན་འཐོར་ས།།
མི་སེམས་ཆོས་ཀྱིས་བཙོས་པའི་བྱང་སེམས་རློན་པ།།
འཇིག་རྟེན་འདིར་བཞུགས་འཕགས་པ་ལོ་ཀི་ཤྭ་ར།།
འཛུམ་ཤ་དར་གྱིས་བཀྱག་ནས་སྤྱན་འདྲེན་ཞུ་ས།།
དད་སེམས་གླུ་རུ་བབ་ནས་དབྱངས་རྟ་འཐེན་ས།།
རྒྱ་མཚོའི་ཕ་རོལ་དེ་ཡང་འོད་ཀྱིས་རྙོབ་མཁན།།
གངས་རིའི་མུན་པ་སེལ་བའི་ཁྲི་གདུགས་ཉི་མ།།
མི་བརྗེད་སྙིང་ནས་གསོལ་བ་རྩེ་གཅིག་འདེབས་ས།།
དུང་དུང་གདུང་བའི་ངང་ནས་འོ་དོད་འབོད་ས།།
སྐྱིད་ཆུའི་རབ་ཁ་དེ་ནས་ཕྱིར་མིག་འཇོག་མཁན།།
གངས་རིའི་ལྷ་མི་ཡོངས་ཀྱི་གཙུག་ཏོར་དཀར་པོ།།
ང་དགུའི་ལོ་ནག་ཚེས་ཁ་མདའ་ཆེན་བཟེད་ས།།
དམག་དམར་ཁྲི་སྟོང་མང་པོའི་སོ་སྒྲ་འཆའ་ས།།
རྒྱང་རིང་མཚོ་མཐར་སྙེག་པའི་ལྷ་བྱ་དཀར་པོ།།
ཆོས་སྲིད་ནོར་བུའི་ཕྲེང་བ་བསྟར་ལ་རྒྱུ་མཁན།།
མཆོད་པ་རྒྱ་མཚོའི་དཀྱིལ་ན་སྤོས་དྲི་ཐུལ་ས།།
ལུས་ཀྱི་མ་ལྔ་ཕབ་ནས་སྤྱི་ཕྱག་འཚལ་ས།།
ཇི་ལྟར་མངོན་པར་འཕགས་པའི་ཨུ་དམ་ཝཱ་ར།།
གཟིམ་པ་གཏན་དུ་མེད་པའི་སྒྲོན་མེ་ཆེན་པོ།།
འཇིག་རྟེན་འགྲོ་བ་མི་ཡི་རྣམ་ཤེས་ཁེན་ས།།
གནམ་གྱི་སྐར་མ་ཡིན་ཡང་འཛུམ་ལ་ཕྱོགས་ས།།
བདེན་པའི་གླེགས་ཐག་གྲོལ་བའི་པོ་ཏི་ཆེན་པོ།།
རླབས་ཆེན་སྐྱེས་བུའི་ཁྲོད་ཀྱི་རི་རྒྱལ་ལྷུན་པོ།།
ཡེ་ཤེས་སྤྱན་ལྡན་བརྒྱུད་གསུམ་རྒྱལ་བ་རྒྱ་མཚོ།།
མྱུར་མཛད་ལས་བྱེད་བཀའ་གཉན་ཆོས་སྐྱོང་སྲུང་མ།།
སྟོན་པ་མཆོག་ལས་ལྷག་པའི་སྟོན་པ་གཉིས་པ།།
དགེ་སྦྱོང་བསྟན་འཛིན་རྒྱ་མཚོའི་ཤིས་པ་སྲུངས་ཤིག།
༢༠༢༠/༧/༦
ཡོང་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བའི་མདུན་ངོས་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།