རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 5 July 2020

ས་ཆེན་པོ་འོད་ཀྱིས་འགེབས་མཁན།

རྩོམ་པ་པོ། སློབ་དཔོན་ཚུལ་ཁྲིམས་ཟླ་བ། རྣམ་གྲོལ་གླིང་།


ལོ་བརྒྱད་ཅུ་ཡི་སྔ་རོལ་སྔ་རོལ།།

གྲོང་ལྷིང་འཇགས་ཀྱི་ཁང་ཁུག་ཅིག་ན།།

ཁྱིམ་འཁོས་ཆུང་གི་ཆུང་མའི་པང་ནས།།

གསང་མཐོན་པོ་ཡི་ངུ་སྐད་གྲགས་སོང་།།


ནུབ་འོད་གསལ་གྱི་རྨི་ལམ་བརྟག་ས།།

མཚོ་མེ་ལོང་ལས་གཟུགས་བརྙན་བསྟན་ས།།

གསེར་བུམ་པ་ནས་མཛུབ་སྟོན་བྱེད་ས།།

བུ་རིགས་ཅན་ཁྱེད་ལྷ་མོ་དོན་གྲུབ།།


ངོ་ལྡིར་ལྡིར་དེ་འཛུམ་ཤ་དོད་པོ།།

ཞྭ་དམར་ཆུང་དེ་དབུ་ལ་ལན་པོ།།

བོད་གངས་ཅན་པའི་སྙིང་གི་ནོར་བུ།།

ལྷ་དཀོན་མཆོག་གི་དངོས་གྲུབ་ཡིན་ནོ།།

 

མཁར་པོ་ཏ་ལའི་ཚོམས་ཆེན་སྟོད་ན།།

དཔོན་མི་ཆེན་ཚོའི་གཟི་ཉམས་ཆེ་ཡང་།།

གསེར་སེར་པོ་ཡི་བཞུགས་ཁྲི་སྟེང་ནས།།

སྐུ་ཆུང་ཆུང་དེས་ཟིལ་གྱིས་མནན་སོང་།།

 

དུས་ཐུང་ཐུང་ལ་བློ་རྩེ་རྣོན་པོས།།

ནང་རིག་པ་ཡི་གདེང་ཆེན་རྙེད་དེ།།

སེམས་གཙོ་བྱས་ཀྱི་གྲུབ་མཐའ་བརྒལ་ནས།།

མི་མཁས་དགུ་ཡི་ཁེངས་པ་བསྙིལ་སོང་།།


གཟུགས་ལང་ཚོ་ཡི་གཞོན་ཤ་ཆེ་དུས།།

འོག་འབངས་མི་ཚོའི་འཚོ་བ་སྐྱོམ་ནས།།

ཆུང་བྱིས་པ་ཡི་རྩེད་མོ་བོར་ཏེ།།

ལུགས་ཐམ་ག་ཡི་ཡུ་བར་བཟུང་སོང་།།


རྡོ་མཁྲེགས་པོ་ལ་རྐང་པ་ཐོགས་ཀྱང་།།

ལུས་རོ་སྟོད་ནས་ཚོར་ཤེས་དབེན་དུས།།

ཁོག་ཟུག་གཟེར་དག་འཛུམ་གྱིས་སྦས་ནས།།

དགྲ་ཨ་ཞང་དང་གདོང་ཐུག་གནང་སོང་།།


མཁར་སྨུག་པོ་ལ་སྒྱོགས་ཁ་གཏད་ནས།།

འོག་སྤུན་ཟླ་རྣམས་ཁྲིམས་ལ་སྦྱར་དུས།།

ཕུག་ཞི་བདེ་ཞིག་ཐུགས་ལ་བཅངས་ནས།།

རི་གངས་རྒན་གྱི་རྒྱབ་ལ་ཆས་སོ།།

 

ཕྱི་སྤོང་བདུན་གྱི་གཡའ་ཡིས་མ་གོས།།

ནང་དམ་ཚིག་གི་སོ་ཁ་མ་རལ།།

མགོན་ཐུབ་པ་དེའི་རྗེས་འཇུག་རྣལ་མ།།

སྡུག་མུན་སེལ་གྱི་སྒྲོན་མེ་ཁྱེད་ཡིན།།


རྫས་བཟོ་རྩལ་གྱི་འགྲན་རྩོད་ཆེ་དུས།།

གླིང་རྡོག་རྡོག་འདི་འཕུང་ལ་ཉེ་སྐབས།།

ཕྱག་ཐལ་སྦྱར་གྱིས་ཞི་བདེར་བོས་པས།།

ས་ཆེན་པོ་འདི་འོད་ཀྱིས་བཀང་སོང་།།


མ་འགྲོ་དྲུག་ལ་བྱམས་པས་གཉོར་སྟངས།།

ཆོས་གྲུབ་མཐའ་དག་མཐུན་སྡེབ་བྱེད་སྟངས།།

སྙིང་རུས་སྟེང་ནས་ཉམས་སུ་བླངས་པས།།

འདྲིས་མ་དགོས་པའི་མཛའ་བཤེས་ཁྱེད་ཡིན།།


སྐུ་ཤམ་ལྭ་ཡི་འོད་མདངས་ཤིགས་སེ།།

ཐུགས་བྱམས་བརྩེ་ཡི་འཛུམ་མདངས་ཁྱུགས་སེ།།

གསུང་འགག་མེད་ཀྱི་ཆོས་སྒྲ་ལྷངས་སེ།།

ཁྱེད་ཡལ་མེད་ངང་ཡུན་དུ་གནས་ཤོག།


༢༠༡༥།༠༦།༠༡།

 

ཡོང་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བའི་མདུན་ངོས་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།