རྩོམ་པ་པོ། སློབ་དཔོན་བཀྲ་ཤིས་དོན་གྲུབ།
བོད་ཀྱི་སྐད་ཡིག་ལ་དགའ་ཞེན་ཡོད་པའི་བདག་གི་དྲྭ་གྲོགས་རྣམ་པ་ལགས། ཁྱེད་རང་གི་བོད་ཡིག་ཆུ་ཚད་མཐོན་པོ་མེད་ཙང་ཁྱེད་རང་བོད་ཡིག་བྲི་རྒྱུར་འཚེར་སྣང་སྐྱེ་གི་འདུག་གམ། དྲྭ་གྲོགས་ཚོས་ཡིག་ནོར་ཐེར་འདོན་བྱས་ཤིང་སྐྱོན་བརྗོད་བྱས་ཡོང་དུས་ཁྱེད་རང་ལ་སུན་སྣང་སྐྱེ་གི་འདུག་གམ། འོན་ཀྱང་ངས་ནི་ཁྱེད་རང་ལ་མུ་མཐུད་ནས་སུན་སྣང་སྐྱེ་རུ་འཇུག་འདོད་འདུག་མོད། ཁྱེད་རང་བོད་ཡིག་འབྲི་བར་འཚེར་སྣང་སྐྱེ་རུ་འཇུག་འདོད་རྩ་བ་ནས་མི་འདུག་པའི་ཁར། ད་དུང་ཁྱེད་རང་བོད་ཡིག་བྲི་རྒྱུར་སྤྲོ་སྣང་སྐྱེ་རུ་འཇུག་འདོད་འདུག
མི་ཞིག་དྲང་ཐད་དུ་འགྲེང་བ་ལ་ངེས་པར་འགྱེལ་བའི་རིམ་པ་དེ་བརྒྱུད་དགོས་པ་ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ།
ཕམ་ཁ་མང་པོ་ཁུར་བའི་རྗེས་སུ་གཞི་ནས་རྒྱལ་ཁའི་ལམ་ལྷོང་མངོན་དུ་བྱེད་ཐུབ་ཀྱི་ཡོད་པར་ཁྱེད་རང་ཡིད་ཆེས་ཡོད་དམ།
ངས་ཁྱེད་ལ་གཏམ་བརྒྱུད་ཅིག་བཤད། ང་ལ་གྲོགས་པོ་སེམས་བཟང་ཞིག་ཡོད། ཁོ་རང་རིག་པ་རྟུལ་བ་ལ་ཚོད་ཅིག་མེད།
ཁོ་ནི་དུས་རྒྱུན་རྩོམ་ཡིག་བྲི་རྒྱུར་དགའ་མོད།
ཁོས་བྲིས་པའི་ཤོ་ལོ་ཀ་གཅིག་ལ་ཆ་བཞག་ན་མ་མཐར་ཡང་བརྒྱ་ཆའི་བརྒྱད་ཅུ་ཆ་ཚང་ཡིག་ནོར་གྱིས་ཟིན་འགྲོ་བ་ཡིན།
དེ་བས་ཀྱང་བློ་ཕམ་པ་ཞིག་ལ།
གལ་སྲིད་དེ་རིང་ང་ཚོས་ཁོས་བྲིས་པའི་ཡིག་ནོར་གང་ཡང་རུང་བ་ཞིག་ནོར་བཅོས་བྱས་པའི་པའི་དབང་དུ་བཏང་ན།
སང་ཉིན་ཁོས་ཚིག་དེ་ག་རང་ནོར་བ་བྲིས་ནས་ཁུར་འོང་ངེས།
དེ་བས་ངས་ཀྱང་དུས་རྒྱུན་ཁོ་རང་ལ་ཡིག་རིགས་ཀྱི་ཤེས་བྱའི་ཐད་ལ་རེ་བ་ཆེན་པོ་ཞིག་མེད་པར་བསམས་མྱོང་།
བསམས་པས་མི་ཚད། ངས་འགྱོད་པ་སྐྱེ་འོས་པའི་ནོར་འཁྲུལ་ཆེན་པོ་ཞིག་བྱེད་མྱོང་ཡོད་པ་ནི།
ངས་ཁོང་ལ་ཐེངས་གཅིག་མིན་གཉིས་མིན་རེ་བ་མེད་ཚུལ་བཤད་པ་དེ་ཡིན།
ངའི་སྐད་ཆ་དེ་དག་གིས་གྲོགས་པོ་ཁོང་ལ་ཚོར་སྣང་གང་འདྲ་ཞིག་སྦྱིན་གྱི་ཡོད་མིན་ངས་ཤེས་མ་བྱུང་ཡང་།
ཁོས་འཛུམ་རེ་ཕྱུང་ནས་འཇོག་པ་ལས་ཡིན་མིན་ཅི་ཡང་མི་སྨྲ། དེ་བས་ཀྱང་ཡ་མཚན་པ་ཞིག་ལ།
ཁོས་རྩོམ་ཡིག་བྲི་རྒྱུ་ནམ་ཡང་མཚམས་འཇོག་བྱས་མ་སོང་།
འོན་ཀྱང་ཁོའི་ཡིག་ནོར་འབྲི་བའི་ན་ཚ་དེར་ད་དུང་དྲག་སྐྱེད་གང་ཡང་བྱུང་མེད།
གོང་དུ་བཤད་པ་ལྟར་ཁོའི་ཡིག་ནོར་གྱི་ན་ཚ་དེ་ནི་དྲག་སྐྱེད་མེད་པའི་ནད་ངན་ཞིག་རེད་བསམས་ཏེ་ང་ཚོས་ཀྱང་རེ་ཐག་བཅད་མོད།
དགའ་འོས་པ་ཞིག་ལ། དཀོན་མཆོག་གི་ལེགས་སྐྱེས་སུ་བརྗོད་ཆོག་པའི་ངོ་དེབ་ཅེས་པའི་དངོས་པོ་དེ་འཇིག་རྟེན་འདིར་ཐོག་མར་སྐུ་བལྟམས་སོང་ལ།
རིམ་པས་ལག་ཐོགས་ཁ་པར་ཁག་གི་ནང་ནས་ཐོག་མར་བོད་ཡིག་བྲི་ཐུབ་པའི་སྐལ་བཟང་དེ་ཤར་བྱུང་།
ཡིན་ན་ཡང་ང་ཚོ་སུ་ཡང་ངོ་དེབ་སོགས་དྲྭ་བའི་འཇིག་རྟེན་ཉུལ་བ་ཤིན་ཏུ་རྗེས་ལུས་ཡིན་མོད།
གོང་དུ་བཤད་པའི་ངའི་གྲོགས་པོ་ཁོང་ནི་སྔ་མོ་ནས་དྲྭ་ཉུལ་བ་ཨང་དང་པོའི་གྲས་སུ་ཚུད་ཡོད་པར་མ་ཟད།
ཁོའི་ཡིག་ནོར་གྱིས་ཁེངས་པའི་རྩོམ་ཉོག་དེ་དག་གིས་དྲྭ་གྲོགས་མང་པོ་སུན་དུ་བཅུག་སོང་ལ།
དྲྭ་གྲོགས་ཚོའི་ཡིག་ནོར་ཐེར་འདོན་དང་སྐྱོན་བརྗོད་ཀྱིས་ཁོ་རང་ཡང་སུན་དུ་བཅུག་སོང་།
སུན་དུ་འཇུག་པ་ནི་ཡར་སྐྱེད་ཀྱི་གྲོགས་མཆོག་ཨང་དང་པོ་ཞིག་ཡིན་ནམ།
དེ་གཏན་ནས་ཡིན་མི་སྲིད། སུན་སྣང་གིས་ནི་མིའི་རིགས་ཀྱི་རེ་བ་རྩ་མེད་དུ་བཟོ་ཡང་སྲིད།
རེད་དེ་གྲོགས་པོ་ཁོང་ལ་ཡོད་པ་ནི། སུན་སྣང་གཅིག་པུའི་ག་ལ་ཚད་དེ།
ཁོའི་སེམས་ཁོང་ན་དྲྭ་གྲོགས་ཚོར་འགྲན་འཚོལ་བའི་འདུ་ཤེས་ཤུགས་ཆེན་པོ་ཞིག་ཡོད་པར་མ་ཟད།
ཁོའི་སེམས་ཀྱི་ངོས་དང་ཟུར་མང་པོར་ངོ་ཚའི་འདུ་ཤེས་ཤིག་ཀྱང་སྦས་པའི་ཚུལ་འདུག་ལ།
དེ་བས་ཀྱང་དགའ་ཞེན་དང་སྤྲོ་སྣང་ནི་ཁོའི་སེམས་ཁམས་ཡོངས་རྫོགས་ལ་ཁྱབ་ནས་འདུག
རྒྱུ་རྐྱེན་དེའི་དབང་གིས་དྲྭ་གྲོགས་ཚོས་ཐེར་འདོན་དང་སྐྱོན་བརྗོད་བྱས་ཡོང་དུས་དུས་རྒྱུན་སུས་ཀྱང་མི་མཐོང་ས་ཞིག་ནས་སྐྱོན་བརྗོད་བྱས་པ་དང་མི་འདྲ་བར།
མི་མང་པོའི་མིག་མདུན་དུ་སྐྱོན་བརྗོད་དང་བཀའ་བཀྱོན་བཟེད་དགོས་པཡིན་པས།
ཁོས་ངོ་ཚ་ཉོས་པ་བགྲངས་ཀྱིས་ག་ལ་ལང་།
འོན་ཀྱང་གྲོགས་པོ་ཁོང་ནི་ངོ་ཚ་ཁོ་ནས་མགོ་བོ་ནོན་ནས་འདུག་མཁན་གྱི་གྲས་དེ་འདྲ་གཏན་ནས་མིན་སྟབས།
དྲྭ་གྲོགས་ཚོར་འགྲན་འཚོལ་གྱི་འདུ་ཤེས་དེ་ཤུགས་ཇེ་ཆེར་འགྲོ་རིམ་བཞིན།
རྩོམ་ཡིག་འབྲི་རྒྱུ་དང་དག་ཆར་དོ་སྣང་བྱས་པ་གཏིང་ཇེ་ཟབ་ཏུ་སོང་ཞིང་།
ཞར་དང་ཞོར་ནས་ཁོའི་ཡིག་ནོར་འབྲི་བའི་ནད་ངན་དེར་དྲག་སྐྱེད་བྱུང་འགོ་ཚུགས་སོང་བས།
ཁོའི་བོད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་བའི་སྤྲོ་སྣང་དང་དགའ་ཞེན་དེ་ནི་དབྱར་དུས་ཀྱི་ཆར་ཆུའི་འགྲན་ཟླར་གྱུར་སོང་།
ད་ཆ་ཁོའི་ཡིག་ནོར་འབྲི་བའི་ནད་དེ་རྦད་དེ་དྲག་ལ་ཁད་ཡོད་དེ།
དེང་སང་ཁོས་རྩོམ་ཡིག་ཡག་ཐག་ཆོད་འབྲི་ཐུབ་ཀྱི་ཡོད་པར་མ་ཟད།
ཁོའི་ཡིག་ནོར་བྲིས་པའི་ཚད་གཞི་ནི། བརྒྱ་ཆའི་ལྔ་ཡིན་ལབ་ཆོག རྒྱུ་མཚན་དེའི་དབང་གིས་ངས་གོང་དུ་“འོན་ཀྱང་ངས་ནི་ཁྱེད་རང་ལ་མུ་མཐུད་ནས་སུན་སྣང་སྐྱེ་རུ་འཇུག་འདོད་འདུག་”ལབ་དགོས་བྱུང་ལ།
དེ་ལྟར་ལབ་དགོས་པའི་རྒྱབ་རྟེན་གྱི་གཏན་ཚིགས་ནི་གོང་གི་གཏམ་རྒྱུད་དེ་ཡིན།
ད་དུང་ངའི་སྐད་ཆ་མཇུག་རྫོགས་མེད། དུས་རྒྱུན་ང་ཚོས་དྲྭ་གྲོགས་ཚོར་ཡིག་ནོར་ཐེར་འདོན་བྱེད་སྐབས། དྲྭ་གྲོགས་ཁག་གཅིག་རྦད་དེ་ཉོབ་ཐག་ཆོད་ནས་བོད་ཡིག་འབྲི་རྒྱུ་གཞི་ནས་མཚམས་འཇོག་མཁན་དེ་འདྲ་ཡང་ཡོང་གི་ཡོད་བཟོ་འདུག་ཅིང་། གནས་སྟངས་དེ་འདྲ་ལ་བརྟེན་ནས་བོད་ཡིག་གི་ཆུ་ཚད་མཐོ་བའི་དྲྭ་གྲོགས་ཚོས་ཀྱང་། ཡིག་ནོར་ཐེར་འདོན་བྱ་རྒྱུ་དེ་རྩ་བ་ནས་མཚམས་འཇོག་གནང་གི་ཡོད་པའི་ཚོད་རེད།
ངས་བལྟས་ན། དེ་གཉིས་ཀྱི་ངོས་གང་ནས་བལྟས་ཀྱང་ནོར་འཁྲུལ་འབའ་ཞིག་ཏུ་མཐོང་གི་ཡོད།
རྒྱུ་མཚན་ནི།
ཡིག་ནོར་ཐེར་འདོན་མ་བྱས་ན་ཡིག་ནོར་འབྲི་བའི་ན་ཚར་དྲག་སྐྱེད་འབྱུང་ས་མེད་ལ།
ཡི་གེ་འབྲི་རྒྱུ་མཚམས་བཞག་ན་ནི་ས་བོན་རྩ་བ་ནས་ཕྱུང་ཟིན་པས་ཡར་རྒྱས་སོགས་ཀྱི་སྐད་ཆ་བཤད་ས་དེ་བས་ཀྱང་མེད།
རྒྱུ་མཚན་དེའི་ཕྱིར་ན།
ངས་ནི་དེ་གཉིས་གང་ཡང་མིན་པའི་ལམ་གསུམ་པ་ཞིག་གདམ་ག་རྒྱག་འདོད་དེ།
ཡིག་ནོར་འབྲི་མཁན་གྱིས་ཀྱང་ཡི་གེ་འབྲི་མཚམས་ནམ་ཡང་འཇོག་མི་ཉན་ལ།
ཐེར་འདོན་བྱེད་མཁན་གྱིས་ཀྱང་ཡིག་ནོར་ཐེར་འདོན་བྱ་རྒྱུ་ནམ་ཡང་མཚམས་འཇོག་བྱེད་མི་ཉན་པ་དེ་རེད།
ལམ་གསུམ་པ་འདི་གདམ་ག་རྒྱག་པར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གསུམ་ཡོད་པ་དེ་ཁྱེད་ལ་ཡོད་དམ་དྲྭ་གྲོགས་ལགས།
འདི་ལྟར་བཤད་ཡོང་དུས་ཡང་ཆ་རྐྱེན་གསར་པ་གང་ཞིག་བཏོན་ཡོང་ངམ་སྙམ་ནས་ཁྱེད་ལ་འཚེར་སྣང་ཞིག་སྐྱེས་ཡོད་སྲིད་ཀྱང་།
དེ་ནི་གསར་པ་གང་ཡང་མིན་པར། གོང་དུ་བདག་གི་གྲོགས་པོ་ཁོང་ལ་ཡོད་པར་བཤད་པའི་ཆ་རྐྱེན་ཏེ།
དྲྭ་གྲོགས་ཚོར་འགྲན་འཚོལ་བའི་འདུ་ཤེས་དང་ངོ་ཚའི་གོམས་གཤིས་ཀྱང་ཅུང་ཟད་ཡོད་པའི་ཐོག
བོད་ཡིག་ལ་དགའ་ཞིང་དད་པའི་སྤྲོ་བ་ཤུགས་ཆེར་ཡོད་པའི་སེམས་ཁམས་དེ་ཡིན་ལགས།
ད་ནི་ཞེ་དྲགས་ཀྱིས་ཁ་གསལ་པོ་ཆགས་ཡིན་ཁུལ་ལགས་ན། མཐའ་དོན་གྱི་སྐད་ཆ་མདའ་འདྲ་བ་ཚིག་གསུམ་བཤད་ནས་མཚམས་བཞག་ན་གང་འདྲ་འདུག་གམ།
རེད། གོང་ཞུས་ཀྱི་སྐད་ཆ་འདི་དག་ནི་ངས་བོད་ཡིག་ལ་དགའ་ཞིང་དུང་བའི་བོད་མི་དྲྭ་གྲོགས་དག་ལ་བཤད་པ་ལས། མ་གཞི་ནས་བོད་ཡིག་ཅེས་པ་དེ་དགོས་མེད་བེད་མེད་དུ་ལྟ་མཁན་གྱི་བོད་མི་དག་ལ་བཤད་པ་རྩ་བ་ནས་མིན། རྒྱུ་མཚན་ནི། མི་དེ་དག་གི་རྩ་བའི་བསམ་བློའི་ཁྱེར་ཕྱོགས་རུལ་ཟིན་ལ། རྩ་བའི་བསམ་བློ་རུལ་བ་ནི་རྩ་བའི་སློབ་གསོ་རུལ་ཟིན་པ་ལ་ཐུག་ཡོད་པས། ཤིང་སྡོང་ལྟ་བུར་ཆ་བཞག་ན་རྦད་དེ་སྡོང་རྒན་ཆགས་ཟིན་པ་ཡིན་ཙང་། ད་ནི་དྲང་པོ་བཟོ་རྒྱུ་ཡིན་ཟེར་ན་ཧ་ལམ་སྡོང་པོ་གཅོག་རྒྱུ་ཡིན་ཟེར་བའི་དོན་ལས་མ་འདས་པས། ངས་ཤིང་རྒན་བཅག་ནས་ཅི་བྱེད། རྒྱུ་མཚན་དེས་ན་ངས་བསམ་བློ་དེ་འདྲ་འཆང་མཁན་གྱི་རིགས་རྣམས་ལ་བཤད་པ་མིན་ན། ཁྱེད་ཅག་ཐུགས་མི་ཁྲོ་བར་བློ་བདེ་པོའི་ངང་ལྷོད་ལྷོད་བཞུགས་ཤིག་ལབ་འདོད་བྱུང་ལགས། སྤྱི་ལོ། ༢༠༡༣། ཟླ་བ། ༡༠། ཚེས་པ། ༡༡།
ཡོངས་ཁུངས། རྩོམ་པ་པོ་གང་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།