རྩོམ་པ་པོ། ཐར་ཤུལ་འཇམ་དཔལ་བསྟན་འཛིན།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
མཁྱེན་བརྩེ་གཏིང་མཐའ་བྲལ་བའི་གཏེར།།
རྟེན་འབྱུང་གཏམ་གྱི་མཛོད་ཆེན་པོ།།
ས་གསུམ་འགྲོ་བའི་གཉེན་གཅིག་པུ།།
སྟོན་མཆོག་མཚུངས་པ་མེད་དེར་འདུད།།
དེ་ལ་འདིར་བཅོམ་ལྡན་འདས་གསུང་གི་དབང་ཕྱུག་དམ་པ་དེས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཇི་སྙེད་ཅིག་གསུངས་ཤིང་། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་མང་དུ་བྱུང་བ་ལས། དངོས་བསྟན་སྟོང་པ་ཉིད་ཀྱི་དོན་གཙོ་བོར་འགྲེལ་བ་ལ་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་མཛད་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་འགྲེལ་བ་ལ་བཅོམ་ལྡན་འདས་མགོན་པོ་བྱམས་པས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་མཛད་དོ། །དེ་ལ་འདིར་རིགས་ཚོགས་ཀྱི་གྲངས་ངེས་འདོད་ཚུལ་ལ་རིགས་ཚོགས་ལྔར་བཞེད་པ་དང་དྲུག་གི་གྲངས་ངེས་འདོད་པ་སོགས་དུ་མ་ཞིག་ཡོད་པ་ལས། ཁ་ཅིག་«ག་ལས་འཇིགས་མེད་»བསྣན་ནས་རིགས་ཚོགས་དྲུག་ཏུ་འདོད་ལ། དེ་ནི་«ག་ལས་འཇིགས་མེད་»རང་འགྲེལ་དུ་འདོད་པའི་ལུགས་དག་སྟེ་འདི་ལ་ཕྱོགས་སྔ་མ་འགོད་པ་དང་། གསེར་ཕྲེང་སོགས་སུ་དེ་མི་འདོད་པའི་ཚུལ་བཤད་པ་གཉིས་ནི་སྐབས་འདིར་དཔྱད་པར་བྱ་བའི་གཞིར་གཟུང་བར་བྱ་བ་ཡིན་ནོ།།
དང་པོ་ནི། «ག་ལས་འཇིགས་མེད་»རང་གི་མཇུག་བྱང་དུ།
བདག་ཉིད་ཆེན་མོ་ཀླུ་སྒྲུབ་རང་གིས་བརྩམས་པར་གསུངས་འདུག་པར་མ་ཟད། ལྷག་པར་«འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་»དང་«ལམ་སྒྲོན་རང་འགྲེལ་»དུ་གྲགས་པ་ལས་ཀྱང་རྩ་ཤེས་ཀྱི་རང་འགྲེལ་ཡིན་པ་གསལ་བོར་བཀོད་འདུག་ལ།
གཞན་ཡང་། «བུ་སྟོན་ཆོས་འབྱུང་»ལས་“བཞི་བ་དེ་དག་ཏུ་ཆོས་བསྒྱུར་པའི་རྣམ་གྲངས་ཞེས་པའི་ཐད་དུ།
དབུ་མ་རྩ་བའི་རང་འགྲེལ་ག་ལས་འཇིགས་མེད་བམ་པོ་བདུན་དང་། ཞེས་དང་།” «ཚལ་པ་བསྟན་འགྱུར་དཀར་ཆག»་ཏུ་ཡང་དེའི་རང་འགྲེལ་ག་ལས་འཇིགས་མེད་ཉིས་སྟོང་ཆིག་བརྒྱ་པ་ཀླུའི་རྒྱལ་མཚན་གྱིས་འགྱུར།
ཞེས་འབྱུང་ངོ་།།
གཉིས་པ་ནི། «ལེགས་བཤད་གསེར་ཕྲེང་»ལས།
འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའང་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་།
གཞན་དག་སྟོང་ཉིད་བདུན་བཅུ་པ་ལས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ནི་འཁྲུལ་བར་ཁོང་དུ་ཆུད་པར་བྱའོ།
།ཞེས་དང་། «དྲང་ངེས་རྣམ་འབྱེད་»ལས་ཀྱང་།
བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་ལ།
།སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེའི་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན།
།ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ།
།སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བ་ལས་ཀྱང་ཤེས་སོ།
།ཞེས་གསུངས། རྗེ་དགེ་འདུན་གྲུབ་ཀྱི་«སི་ཏུའི་དྲིས་ལན་»ལས་ཀྱང་།
རབ་བྱེད་ཐ་མ་བཞི་གའི་འགྲེལ་བ་ག་ལས་འཇིགས་མེད་ལས།
བམ་གྲངས་མི་མཐུན་པ་ཙམ་ལས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པའི་ཚིག་རིགས་ཇི་ལྟ་བ་བཞིན་བྲིས་པ་མ་གཏོགས། ནུས་པ་ལྷག་པོ་ཏིལ་ཙམ་ཡང་མི་འདུག་པའི་ཕྱིར་རོ།
།ཞེས་སོགས་གསུངས་ནས་རང་འགྲེལ་གྱི་དོན་མེད་པར་གསུངས་ལ། དགེ་འདུན་ཆོས་འཕེལ་གྱི་«གཏམ་རྒྱུད་གསེར་ཐང་»དུ་ཡང་། “འོན་ཀྱང་རང་འགྲེལ་ག་ལས་འཇིགས་མེད་དུ་གྲགས་པ་ནི་བོད་དུ་བསྒྱུར་བ་ཁོ་ན་ལས་མེད་པར་འདུག འགྲེལ་བ་དེ་ཡང་རབ་བྱེད་ཉེར་བདུན་པར་འཕགས་པ་ལྷའི་ལུང་དྲངས་པའི་ཕྱིར་རང་འགྲེལ་མིན་ཞེས་རྗེ་བདག་ཉིད་ཆེན་པོས་གསུངས།”
ཞེས་སོགས་གསུངས་ཤིང་། འདིའི་ལུང་རྒྱས་པར་འོག་ཏུ་རིམ་བཞིན་འདྲེན་ནོ། །“ཁང་དཀར་གྱི་”གསུང་དུ་ཡང་།
འགྲེལ་བ་འདིས་བདག་མེད་གཉིས་བསྒོམས་པས་མྱང་འདས་གཉིས་འཐོབ་པར་གསུངས་པ་འགྲེལ་བ་སངས་རྒྱས་བསྐྱངས་ཡན་ཆོད་དུ་མི་འབྱུང་ཞིང་།
རྣམ་གཞག་འདི་ལྟར་གསུངས་པ་བྱང་སའི་ལྟ་གྲུབ་ཀྱི་ཤུག་རྐྱེན་ཐེབས་པ་ཡིན། ཞེས་དང་།
ག་ལས་འཇིགས་མེད་སློབ་དཔོན་སངས་རྒྱས་བསྐྱངས་དང་སློབ་དཔོན་ཐོགས་མེད་གཉིས་ཀྱི་བར་དུ་བྱོན་པར་མངོན་གསུངས་ཤིང་།
འདི་དག་གསུངས་པའི་མཇུག་ཏུ།
“ཁོ་བོ་ནི་སངས་རྒྱས་བསྐྱངས་དང་ག་ལས་འཇིགས་མེད་མཁན་པོ་གཉིས་གུག་ཤད་ནང་དོན་ལྟར་ཚོད་དཔག་བྱས་པ་ཡིན་ཅིང་།
འོན་ཀྱང་དཔྱད་པ་རྫོགས་པའི་གྲུབ་དོན་རྙེད་པ་ཞིག་མིན་པས་ད་དུང་དཔྱད་པ་མཛོད་ཅིག་གུ།”
ཞེས་སོགས་གསུངས་པ་དཔྱད་པར་བྱ་བའི་གཞིའོ།།
དཔྱད་པ་དངོས་ནི། འདི་དག་ལ་བརྟེན་ནས་དམན་པ་བདག་གིས་ཀྱང་ཅུང་ཟད་བཤད་པར་སྤྲོའོ།
།དེ་ལ་དང་པོ་ནི། འགྲེལ་བ་འདིའི་མཇུག་གི་རབ་བྱེད་བཞི་འགྲེལ་བ་བུདྡྷ་པཱ་ལི་ཏའི་མཇུག་གི་རབ་བྱེད་བཞི་དང་ཚིག་དོན་གཉིས་ཀྱི་ཆ་ནས་ཇི་བཞིན་ནོ།
།ཞེས་རྗེ་དགེ་འདུན་གྲུབ་ཀྱིས་གསུངས་ཀྱང་། རབ་བྱེད་ལྔ་ཡིན་པར་མངོན་ཏེ། བསྟན་བཅོས་རང་ལ་བལྟས་ན་ཤིན་ཏུ་གསལ་བས་སོ།
།མ་ཟད་«གསེར་ཐང་དུ་ཡང་།» ལེའུ་ཐ་མ་ལྔ་ཀ་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་དེ་ཀ་རང་དུ་འདུག་ཅིང་།
ཞེས་སོགས་གསུངས་སོ། །གཞན་བསྟན་བཅོས་འདི་གཉིས་ཀྱི་མཇུག་གི་ལེའུ་འགའི་བམ་གྲངས་མ་གཏོགས་མཚུངས་སྙམ་པའི་དོགས་པ་སྣང་མཁན།
དགེ་འདུན་ཆོས་འཕེལ་ཐོག་མ་ཡིན་པ་ལྟ་བུར་«གཏམ་རྒྱུད་གསེར་ཐང་»དུ། “བོད་དབུ་མ་པའི་ལུང་བ་ན།
མཁས་པ་བུས་དོགས་སློང་ཙམ་ཡང་ད་ལྟའི་བར་མེད་པ་ནི་ཤིན་ཏུ་ངོ་མཚར་སྙམ་”གསུངས་འདུག་ཀྱང་།
ནོར་བར་གོ་སྟེ། རྗེ་དགེ་འདུན་གྲུབ་ཀྱིས་སྔར་ནས་འདི་ལ་དོགས་པ་གནང་འདུག་པ་«སི་ཏུའི་དྲིས་ལན་»ཏུ་གསལ་བའི་ཕྱིར་རོ།།
གཞན་ཡང་འགྲེལ་བ་འདི་ལ་བལྟས་ན་བསྟན་བཅོས་འདི་གཉིས་སྒྱུར་བ་པོ་གཅིག་པར་མ་ཟད།
འགྱུར་སྔ་ཕྱི་ཙམ་གྱི་ཁྱད་པར་ལས།
འོག་གི་ལེའུ་ལྔའི་དོན་མ་ཟད་ཚིག་གི་ཆ་ནས་ཀྱང་ཕལ་ཆེར་ཇི་བཞིན་དུ་སྣང་བ་དེས་འདི་གཉིས་བོད་དུ་མ་འགྱུར་གོང་འདི་ལྟར་བཞག་ཡོད་པ་མཚོན་ཏེ།
«གཏམ་རྒྱུད་གསེར་ཐང་»དུ་ཡང་།
འོན་ཀྱང་འགྱུར་ཅུང་ཟད་མི་འདྲ་བ་རེ་འདུག་པས་གཞུང་དེ་གཉིས་བོད་རང་ནས་བསྲེས་པ་ནི་མིན་པར་འདུག
ཅེས་གསུངས་པའི་ཕྱིར་རོ། །དེ་དག་ལ་བལྟས་ན་འགྲེལ་བ་འདི་བོད་དུ་མ་འགྱུར་གོང་ནས་བསམ་བཞིན་སངས་རྒྱས་བསྐྱངས་ཀྱི་མཇུག་གི་ལེའུ་ལྔ་འདིའི་མཇུག་ཏུ་བཅུག་པར་སྣང་ཞིང་།
འདི་ལ་བརྟེན་ནས་རབ་བྱེད་ཉེར་བདུན་པར་བཞི་བརྒྱ་བའི་ལུང་ཤེས་བྱེད་དུ་དྲངས་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་རང་འགྲེལ་མིན་པར་བསྒྲུབ་དཀའ་སྙམ་མོ།
།མ་ཟད་མང་དུ་ཐོས་པ་བུ་སྟོན་གྱིས་ཀྱང་འདིའི་མཇུག་ཏུ་འཕགས་པའི་ལུང་ཤེས་བྱེད་དུ་དྲངས་པ་མ་མཐོང་ཟེར་ནས་ཁ་ཚོན་གཅོད་ཁག་པོ་རེད་འདུག་ལ། གལ་ཏེ་མཐོང་བཞིན་དུ་དཔྱོད་པ་གང་ཡང་མེད་པར་འདི་རང་འགྲེལ་ཡིན་པ་གཞིར་བཞག་མཁན་གྱི་མཁས་པ་བུ་སྟོན་ནི་ཡ་མཚན་ཆེ་བ་ཞིག་གོ།
གཞན་ཡང་འདིའི་མཇུག་གི་རབ་བྱེད་ལྔ་འགྲེལ་བ་སངས་རྒྱས་བསྐྱངས་དང་འདྲ་བ་ཙམ་གྱིས་འདི་ལ་རང་འགྲེལ་གྱི་དོན་མེད་པར་འགྱུར་ཟེར་བ་མང་ཡང་།
དོགས་པ་ནི།
རྒྱ་གར་གྱི་མཁན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་བོད་ཀྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གཉིས་ཀྱིས་བསྟན་བཅོས་འདི་གཉིས་ཀ་སྒྱུར་བའི་ཚེ།
འདི་གཉིས་ཀའི་མཇུག རྒྱ་དཔེར་གཅིག་པར་མཐོང་ཡང་།
དོགས་པ་ཙམ་ཡང་མེད་པར་མཇུག་བྱང་དུ་ཀླུ་སྒྲུབ་ཀྱིས་གསུངས་པར་ཁ་ཚོན་བཅད་འདུག་པ་འདི་ཤིན་ཏུ་ངོ་མཚར་བའི་གནས་སུ་འདུག ཁོ་བོ་ནི་མཇུག་བྱང་འདི་གཞན་གྱིས་བཅོས་པ་ཨེ་ཡིན་སྙམ་དུ་དོགས་སོ།།
རང་འགྲེལ་དུ་མི་འདོད་པ་ཁ་ཅིག ག་ལས་འཇིགས་མེད་ཟེར་བ་ཞིག་གིས་བརྩམས་པར་གསུངས་པ་དེ།
བསྟན་བཅོས་ཀྱི་མཚན་ག་ལས་འཇིགས་མེད་ཅེས་པ་ནི་བརྗོད་བྱ་དང་འབྲེལ་ཚུལ་རྩ་ནས་མི་སྣང་བས་ཁུངས་མེད་དུ་བཤད་པ་ཞིག་མིན་པར་སྣང་།
ཁང་དཀར་གྱིས་ནི་སངས་རྒྱས་བསྐྱངས་དང་འཕགས་པ་ཐོགས་མེད་གཉིས་ཀྱི་བར་དུ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་རིགས་པས་བསྒྲུབས་འདུག་པ་དེས།
བསྟན་བཅོས་འདི་སུས་གསུངས་ཀྱང་།
སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་དང་ཁ་ཐག་ཉེ་བ་ཞིག་གིས་བརྩམས་པར་གོ་ཐུབ་སྙམ།
དེས་ན་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་འགྲེལ་བཤད་ལས་རང་འགྲེལ་དུ་གསུངས་པ་ཡང་དཔྱད་དགོས་སྙམ།
སི་ཏུའི་དྲིས་ལན་དུ་འདི་མི་ཤེས་པ་འགའ་ཞིག་གིས་བར་དུ་བཅུག་པ་ལྟ་བུར་གསུངས་ཀྱང་།
དཔྱད་པ་རྫོགས་པའི་གྲུབ་དོན་རྙེད་པ་ཞིག་མིན་པས་ད་དུང་དཔྱད་ན་མཛེས་སོ་སྙམ།
གཞན་ཡང་།
འགྲེལ་བ་ཤེས་རབ་སྒྲོན་མེར། སློབ་དཔོན་གྱི་ཞལ་སྔ་ནས་ཚིག་ལེའུར་བྱས་པ་དག་ཁོ་ནས།
རྗེས་སུ་དཔག་པ་དང་། སུན་དབྱུང་བའི་གསལ་བ་དང་།
ཞེས་སོགས་ཀྱི་འགྲེལ་བ་རྩོམ་མི་རིགས་པའི་རྩོད་པ་ཁོང་ན་གནས་པ་བསུས་ནས་དགོས་པ་གཙོ་བོ་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཁ་ཅིག་གིས་མི་རྟོགས་པས།
དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ།
།ཞེས་གསུངས་པའི་ཐད་ཀྱི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ལས།
མདོ་མཛད་པས་རང་གི་འགྲེལ་བ་ག་ལས་འཇིག་མེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ཞེས་སོགས་གསུངས་ནས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འགྲེལ་བ་རྩོམ་མི་རིགས་པའམ་བརྩམས་པ་ལ་དགོས་པ་མེད་དེ།
སློབ་དཔོན་རང་གི་འགྲེལ་བ་བརྩམས་ཟིན་པའི་ཟློས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ།།
ཞེས་པའི་རྩོད་པ་ཁོང་ན་གནས་པ་བསུས་ཏེ་གསུངས་མོད་ཀྱང་།
འགྲེལ་བ་ཤེར་སྒྲོན་ལ་མཇལ་ན་ཁོང་གནས་ཀྱི་རྩོད་པ་དེ་ངེས་པར་དེ་འདྲ་ཞིག་ཡིན་དགོས་ངེས་ཀྱི་གསལ་ཁ་གང་ཡང་མེད་པར་མ་ཟད།
ཤེར་སྒྲོན་གྱི་ཚིག་གི་བབ་ལ་བརྟག་ན་སློབ་དཔོན་གྱི་རྩ་བ་ཤེས་རབ་ལ་རང་འགྲེལ་མེད་པ་ལྟ་བུ་ཞིག་གོ་ནུས་སྙམ་སྟེ།
འགྲེལ་བ་ཡོད་ན་“ཚིག་ལེའུར་བྱས་པ་ཁོ་ནའི་རྗེས་སུ་དཔག་པ་དང་།”
ཞེས་སོགས་གསུངས་དོན་མེད་པའི་ཕྱིར་རོ། །དེས་ན་དགོས་པ་བཤད་པའི་སྐབས་སུ་ཡང་ཚངས་པ་མཚུངས་པར་སྤྱོད་པ་ཁ་ཅིག་གིས་མི་རྟོགས་པས་ཞེས་སོགས་གནས་བརྟན་སངས་རྒྱས་བསྐྱངས་ལ་ཟུར་ཟ་ལྟ་བུར་གནང་བས།
འདིའི་ཁུངས་གནས་ཀྱི་རྩོད་པ་ནི།
ལེགས་ལྡན་འབྱེད་ཁྱོད་ཀྱིས་འགྲེལ་བ་རྩོམ་པ་ལ་དགོས་པ་མེད་དེ།
རྩ་ཤེས་ལ་འགྲེལ་བ་དུ་མ་བྱུང་ཟིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ན་འབྲེལ་ཆགས་སྙམ་སྟེ།
ག་ལས་འཇིགས་མེད་བརྩིས་པའི་འགྲེལ་བ་བདུན་པོ་ཤེས་རབ་སྒྲོན་མེའི་སྔོན་དུ་ཡིན་པ་ནི།
སྤྱན་རས་གཟིགས་བརྟུལ་ཞུགས་ལས། སློབ་དཔོན་གྱི་ཞལ་སྔ་ནས་དང་།
ཞེས་པ་ནས་སློབ་དཔོན་ལེགས་ལྡན་འབྱེད་ལ་ཐུག་པའི་བར་དག་ཡོད་པ་ལས།
ཞེས་པས་ཀྱང་གསལ་བོར་གོ་ནུས་ལ།
རང་འགྲེལ་ཡོད་པ་ཙམ་གྱིས་འགྲེལ་བ་གཞན་རྩོམ་མི་རིགས་སྙམ་པའི་དོགས་པ་འོང་ཚབས་མི་ཆེ་ལ།
འགྲེལ་བ་བདུན་ཙམ་བརྩམས་ཟིན་ན་ད་དུང་འགྲེལ་བ་བརྩམས་པ་ལ་དགོས་པ་ཡོད་དམ་སྙམ་པ་སུ་ལའང་འོང་ཚབ་ཆེ་བའི་དོགས་པ་ཡིན་པའི་ཕྱིར།
འོན་ཀྱང་སྤྱན་རས་གཟིགས་བརྟུལ་ཞུགས་ནི་སློབ་དཔོན་ཀླུ་སྒྲུབ་དང་བར་ཐག་ཆེས་ཉེ་བའི་མཁས་པ་ཡིན་པས་ཁོང་གིས་སྐབས་ཀུན་ཏུ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་གཞིར་བཞག་གནང་བཞིན་ཡོད་པ་ནི་དཔྱད་གཞིའི་གནད་གལ་ཆེ་བ་ཞིག་རེད་སྙམ་མོ།།
འོ་ན་འདི་རང་འགྲེལ་མིན་པར་ཇི་ལྟར་བསྒྲུབ་སྙམ་ན།
«དྲང་ངེས་རྣམ་འབྱེད་»ལས་ཀྱང་།
སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བ་ལས་ཀྱང་ཤེས་སོ།
།ཞེས་གསུངས་པ་འདི་དག་ལན་གྱིས་ལྡོག་པར་ནུས་པའི་རིགས་པ་ཞིག་མིན་པར་སྣང་ལ།
མ་ཟད་ཚིག་གསལ་གྱི་མཇུག་རྩོམ་དུ་ཡང་། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་།
།འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ཚིག་ལེར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་།
།གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་ཀྱང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་།
།སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་གང་དང་།
།དེ་དག་བསྡོམས་སྟེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་དང་། །ཞེས་ཀླུ་སྒྲུབ་ཀྱི་རྗེས་འབྲང་དཔལ་ལྡན་ཟླ་བའི་གཞུང་གི་ཕྱོགས་སྔ་གཙོ་བོ་ལེགས་ལྡན་འབྱེད་སོགས་ཀྱི་གཞུང་ལས་ལེགས་ཆ་རྙེད་པའང་བསྡུས་པར་གསུངས་པས་རང་འགྲེལ་ཡོད་ན་དེར་མ་གཟིགས་པ་ནི་མི་སྲིད།
གཟིགས་ནས་འདིར་ཁུངས་སུ་མི་འདྲེན་པ་ནི་དཔལ་ལྡན་ཟླ་བའི་གོམས་གཤིས་དང་རྩ་ནས་འགལ་བའི་ཕྱིར་རོ།།
གཞན་ཡང་ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གཅིག་པ་ལས།
དེ་དག་མེད་ན་དུས་ལ་སོགས་པ་དག་ཡོད་པར་ག་ལ་འགྱུར་ཏེ། སྟོང་ཉིད་བདུན་ཅུ་པ་ལས་ཀྱང་།
དངོས་དང་དངོས་མེད་ཅིག་ཅར་མེད། །དངོས་མེད་པར་ནི།
ཞེས་སོགས་དྲངས་པས་ཀྱང་ཀླུ་སྒྲུབ་ཀྱི་མིན་པར་གོ་ནུས་ཏེ།
འདིའི་རྩོམ་པ་པོ་ཀླུ་སྒྲུབ་ཡིན་ན་ཐལ་བ་གཏོང་བ་ལས་ལོགས་སུ་སྟོང་ཉིད་བདུན་ཅུ་པ་དྲངས་པར་ནུས་པ་ལྷག་པོ་ཅི་ཡང་མེད་པའི་ཕྱིར་དང་།
རང་གིས་ལུང་རང་གིས་འདྲེན་པའི་ཚུལ་རྒྱ་བོད་ཀྱི་མཁས་པའི་ཁྲོད་དུ་མི་འབྱུང་བའི་ཕྱིར་རོ།།
འདི་དག་ལ་དཔྱད་པར་བྱ་བ་མཐའ་རྫོགས་མི་ཐུབ་པ་ཞིག་ཡོད་ཀྱང་།
རེ་ཞིག་འདི་ཙམ་གྱིས་མཇུག་བསྡུས་པ་ཡིན་ནོ།། །།
ཡང་དག་ཐོས་ཉུང་རིགས་པའི་རྩལ་ཡང་ཞན།།
ཡིན་ལུགས་དཔྱོད་པའི་ཤེས་རབ་མཐུ་ཆུང་ཡང་།།
དམ་པའི་བཤེས་དང་ཆོས་མཐུན་གྲོགས་དག་གི།།
དྲིན་ལས་དོགས་པའི་གནས་འདིར་དཔྱད་པར་སྤྲོ།།
ཞེས་ཀྱང་སྨྲས་སོ། །ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༣ པའི་ཚེས་ ༨ ཉིན་གྲུབ།
ཡོངས་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།