༄༅། །སྒོམ་ཞེས་པའི་གོ་དོན་ནི། སེམས་མ་ཡེངས་པར་བྱས་ཏེ། རིག་པ་བསྒྲིམས་པའི་དོན་ཡིན། འོ་ན་རིག་པ་ཇི་ལྟར་བསྒྲིམ་ན། དཔེར་ན་ཁྱེད་ཀྱིས་མདུན་དུ་མེ་ཏོག་ཅིག་ལ་བལྟས་ཏེ། བསམ་བློ་གཞན་མ་བཏང་བར་བྱེད་པ་ལྟ་བུ་ཞིག་རེད། གལ་ཏེ་མེ་ཏོག་དེ་རྒྱ་སེ་མེ་ཏོག་ཅིག་ཡིན་པར་ངོས་བཟུང་ན། ཁྱེད་ཀྱིས་སྣང་བ་དེ་འཛིན་པར་བྱས་པས་རྣམ་རྟོག་རེད། རྒྱ་སེ་དེ་སེར་པོ་རེད་འདུག །ལོ་མ་ལྗང་ཁུ་རེད་འདུག་བསམ་ན། རྣམ་རྟོག་དེ་མཆེད་པའམ། འཕེལ་བ་རེད། དེ་སྒོམ་མ་རེད། དེར་གསུང་རབ་ནང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །གསུངས་པ་དེ་རེད།
སྒོམ་ཞེས་པ་རྒྱ་ནག་བསམ་གཏན་པས་“གྲན་”
zen ཞེས་ཟེར། དེ་ནི་ཡི་གེ་གཉིས་ལས་གྲུབ་སྟེ། མདུན་གྱི་ཡི་གེ་ཧྲི། དེ་མཚོན་པའི་དོན་དང་། རྗེས་ཀྱི་ཡི་གེ་“ཏན་”ཞེས་པ་དེ་གཅིག་པུའི་དོན་ཡིན་པས།
སེམས་རྩེ་གཅིག་པའི་དོན་ཡིན། རྩེ་གཅིག་པའི་སེམས་ནི། སེམས་དམིགས་པ་གཅིག་ལ་གཏད་དེ།
མ་ཡེངས་པར་བྱེད་པ་དེ་ལ་སྒོམ་ཟེར།
བེ་ཀྲེ་ནེམ་གྱི་སློབ་དཔོན་ཆེན་པོ་ཐེག་ནཱ་ཧན་ Thich Nhat
Hanh གྱིས་གསུང་དོན། ཁྱེད་རང་ནང་དུ་སྣོད་ཆས་འཁྲུ་ཤལ་བྱེད་དུས་ཀྱང་སྒོམ་རྒྱག་ཐུབ་པ་ཡིན་གསུངས། དེ་ནི་སྣོད་ཆས་འཁྲུ་ཤལ་བྱེད་པ་དེ་ཉིད་གཅིག་པུར་དམིགས་པ་གཏོད་པ་ལས། བསམ་བློ་གཞན་མི་གཏོང་བ་དེ་ལ་གསུངས། དེ་བཞིན་ནང་དུ་གད་བརྡར་བྱེད་པ་ཞིག་ལ་མཚོན་ནའང་།
ལས་ཀ་དེ་གཅིག་པུར་བསམ་བློ་གཏོང་བ་ལས། བསམ་བློ་གཞན་མ་གཏོང་བ་དེ་ཡིན།
དེའི་རིང་ལ་བསམ་བློ་གཞན་འཁོར་ན་རྣམ་རྟོག་ཡིན། རྣམ་གཡེང་ཡིན། སྒོམ་མ་ཡིན།
འཁོར་བར་འཁོར་བ་ཡིན།
འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས།
རྒྱུན་དུ་ཉམས་ལེན་རྣམ་གསུམ་གྱི་ནང་ནས་ཅིག་དེ། གཡོན་པ་ཀུན་སྤྱོད་ཅེས་པ་དེ་ཡིན།
དེ་དུས་དང་རྣམ་པ་ཀུན་དུ་འགྲོ་འཆག་ཉལ་འདུག་དང་།
ཟ་འཐུང་གྱོན་སོགས་འགུལ་བསྐྱོད་ཅི་བྱེད་ཀྱང་། རྐང་ལག་གཡོན་པ་ནས་འགོ་འཛུགས་བྱེད་རྒྱུ་མ་བརྗེད་པ་དེ་ཡིན།
དེ་ལྟར་དྲན་པ་རྒྱུན་འཇག་ཡོང་ཐབས་ཀྱི་ཉམས་ལེན་དེ། ཉིན་རེའི་ལས་ཀའི་ནང་སེམས་མ་ཡེངས་པ་བྱས་ནས།
རང་གི་སེམས་ལ་བྱ་ར་བྱེད་རྒྱུ་དེ་ཡིན། དེ་ནི་སྤྱོད་འཇུག་ལས།
སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པའི། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ།
།ཞེས་གསུངས་པའི་སེམས་བསྲུང་བའི་བརྟུལ་ཞུགས་དེ་ཡིན། དེ་ནི་ཡང་དང་ཡང་དུ།
ད་ལྟ་ད་ལྟའི་རང་གི་སེམས་ལ་བྱ་ར་བྱེད་པ་དེས།
སྒོམ་གྱི་རིག་སྟོབས་འཕེལ་ཞིང་རྒྱས་པར་བྱེད་པ་དང་།
དུས་རྒྱུན་ལས་ཀ་ཅི་བྱས་ཀྱང་རིག་པ་སྒྲིམ་ཐུབ་པའི་ནུས་པ་འབྱུང་།
མང་པོ་ཞིག་གིས་བྲེལ་ཚུབ་ཅན་གྱི་སྤྱི་ཚོགས་འདི་འདྲའི་ནང་།
སྒོམ་ཉམས་ལེན་ཇི་ལྟར་བྱེད་དགོས། ཞེས་དྲི་བ་ཡང་ཡང་ཡོང་། དེའི་ལན་ནི་གོང་གསལ་འགྲེལ་བརྗོད་དེས་མ་འཐུས་པ་མེད་ནའང་།
སླར་གསེད་བཀྲོལ་ཕྲན་བུ་བྱས་ན། སྔོན་བོད་དུ་རྟ་བཞོན་ནས་འགྲོ་སྐབས། སྒོམ་ཆེན་པས་ཞི་གནས་བསླབ་སྟངས་ནི།
ཁྱེད་རང་ལྟོས་དང་། མདུན་ཕ་གིར་ཕ་བོང་ཆེན་པོ་ཞིག་འདུག་ག
དེའི་རྩར་མ་སླེབས་ཀྱི་བར་དུ་སེམས་མ་ཡེངས་པར་གྱིས། ཞེས་ཟེར་ནས་བསྒོམ་བཅུག་པ་དང༌།
དེར་སླེབས་ཙ་ན་དེ་ནས་ཡང་། ལྟོས་དང་། ཕ་གིར་ཚེར་ཕུང་ཞིག་འདུག་ག
དེར་མ་སླེབས་ཀྱི་བར་དུ་སེམས་མ་ཡེངས་པར་བསྒོམ་ཞེས་སློབ།
དེ་ལྟ་བུ་དེང་དུས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་འགྲོ་དུས་བསྒོམ་པར་འདོད་ན།
ལམ་ཁའི་གློག་ཞུ་དམར་པོའི་མཚམས་ལ་མ་སླེབས་བར་དུ། སེམས་དམིགས་པ་རྩེ་གཅིག་ལ་གཏད་དེ།
བསམ་བློ་གཞན་མ་འཁོར་བར་བྱས་ནས་འགྲོ། དེ་ནས་ལམ་བར་ཆོད་ནས།
སླར་གཤམ་གྱི་གློག་ཞུའི་བར་མཚམས་སུ་མ་སླེབས་ཀྱི་བར་དུ། སེམས་མ་ཡེངས་པར་བྱེད་ནས་འགྲོ་བས་ཆོག
།དེ་ལ་ཞི་གནས་ཀྱི་སྒོམ་ཞེས་པ། རྣམ་རྟོག་ཞི་བར་བྱེད་པས་སོ།།
དེང་སྐབས་འཛམ་གླིང་ནང་བི་ཧྥ་ས་ནཱ་
Vipasana ཞེས་དབུགས་རྔུབ་ཕྱུང་གི་སྒོམ་སྒྲུབ་རླུང་ལྟར་གྲགས་པ།
སྤྱི་ཚོགས་ཙམ་དུ་མ་ཟད། འཛམ་གླིང་རྒྱལ་ཚོགས་ནང་དང་།
ཐ་ན་བཙོན་ཁང་སོགས་སུའང་དར་ཁྱབ་ཆེན་པོ་བྱུང་བཞིན་ཡོད་པ་དེས།
དེང་དུས་ཀྱི་སྤྱི་ཚོགས་འཁྲུགས་ཆ་དོད་དྲགས་པས།
མི་སེམས་སྐྱོན་ཞུགས་པ་རྣམས་ལ་ཕན་རླབས་ཆེན་པོ་བྱུང་བཞིན་ཡོད།
དཔེར་ན་ཨ་རིའི་ཀེ་ལ་ཧྥོ་ནི་ཡའི་མངའ་སྡེར་མཚོན་ན། མི་འབོར་བརྒྱ་ཆ་ ༢༠%
ཙམ་ལ་སེམས་སྐྱོན་ཞུགས་ཡོད་པར།
ཨ་རིའི་གཞུང་ནས་སེམས་ཁམས་བདེ་ཐང་གི་ལས་ཁུངས་ཆེད་འཛུགས་ཐོག
ཨ་སྒོར་ས་ཡ་མང་པོ་ལོ་ལྟར་འགྲོ་སོང་གཏོང་བཞིན་འདུག
།ཐེངས་ཤིག་རང་ཡང་འཛམ་གླིང་སེམས་ཁམས་རིག་པའི་མཁས་དབང་དང་། ནད་པ།
ནང་མི་བཅས་པའི་ཚོགས་ཆེན་ཐེངས་ ༡༥
ཐོག་ནང་པའི་ཕྱོགས་ནས་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་།
རྒྱ་གར་གྱི་སློབ་དཔོན་འགོ་དབྱིང་གྷའི་བི་ཧྥ་ས་ན་དེ།
ཁོང་གིས་འབར་མ་ནས་ཞུས་ཤིང་དར་བ་ཡིན་སྟབས།
དེ་འབར་མའི་ཐེག་དམན་གྱི་ཉམས་ལེན་ཡིན་པར་ངོས་འཛིན་བྱེད་ཅིང་། དེར་འགྲེལ་བརྗོད་བྱེད་སྐབས་ཐེག་དམན་ལྟར་འགྲེལ་བརྗོད་བྱེད་པ་ནི།
གྲུབ་མཐའི་མཐར་ལྷུང་བ་ལས་སྒོམ་ལ་འཇུག་པ་མ་ཡིན།
དེ་བཞིན་སངས་རྒྱས་ཀྱི་དབུགས་རྔུབ་ཕྱུང་གི་སྒོམ་སྒྲུབ་ནང་།
དྲན་པ་ཉེ་བར་བཞག་པ་བཞིའི་ཉམས་ལེན་སྐབས། ལུས་མི་གཙང་བ་རྫས་སུ་བསྒོམ་པ་དང་། དེ་བཞིན་མི་རྟག་པ་དང་།
སྡུག་བསྔལ་བ་དང་། བདག་མེད་པ་སོགས་དང་འབྲེལ་བ་ནི།
གཞུང་ལུགས་ཀྱི་དོན་བསྒོམ་པར་བྱེད་པ་ལས། སྐབས་དོན་ཞི་གནས་ཀྱི་སྒོམ་པ་མ་ཡིན།
སངས་རྒྱས་ཀྱིས་ཐེག་པ་གཅིག་རང་ལས་གསུངས་མེད་པས།
སྒོམ་དེ་ཐེག་དམན་གྱི་གཞུང་དང་འགྲེལ་དགོས་པ་མ་མཐོང་ལ།
སྒོམ་པའི་དོན་ལ་དེ་བས་ཀྱང་དབྱེ་དགོས་དོན་ག་ལ་ཡོད།
དབུགས་རྔུབ་ཕྱུང་གི་སྒོམ་སྒྲུབ་དེ་རང་ཚོའི་བཀའ་འགྱུར་ནང་བཞུགས་ཡོད་པས།
ང་རང་ཚོས་སངས་རྒྱས་ཀྱི་བཀའ་འགྱུར་དེ།
མཆོད་བཤམ་ནང་དུ་འདྲ་ཆགས་པོས་སྒྲིག་གཤོམ་བྱེད་པ་ཙམ་ལས།
བལྟ་ཀློག་དང་ཉམས་ལེན་མ་བྱས་པས་མ་ཤེས་པ་ཡིན། ང་ཚོའི་སྐྱོན་ཆེ་ཤོས་དེ།
སངས་རྒྱས་ཀྱི་བཀའ་དེ་ཟུར་དུ་བཞག་ནས། རང་གི་གྲུབ་མཐའི་ཞེ་འདོད་སྒྲུབ་པའི་དོན་དུ་རྒྱ་གཞུང་ཞེས་སངས་རྒྱས་ཀྱི་སློབ་མའི་བསྟན་བཅོས་དེ་གཙུག་ཏུ་བཀུར།
རྒྱ་གཞུང་ཞེས་སངས་ལས་ལྷག་པར་བརྩིས་ཏེ། རང་ལུགས་ཞེས་རྫིག་གཏམ་བཤད་ནས།
བཀའ་དང་བཅས་པ་ཚང་མ་ཁྱད་གསོད་བྱེད་པ་དེ་ཡིན། དེ་ནི་རང་དོན་ཡིད་བྱེད་ཁོ་ནར་ཟད་པས།
དེང་གི་དུས་སུ་དེ་ལ་སུ་ཡིས་ཡིད་རྟོན་བྱེད་དེ། བྱེད་པ་མེད་དོ།།
དབུགས་རྔུབ་བྱུང་གི་ཉམས་ལེན་སྐོར།
གནས་བརྟན་སྡེ་པ་ཙམ་དུ་མ་ཟད། རང་རེའི་བཀའ་འགྱུར་ནང་དུའང་མང་དུ་བཞུགས་འདུག་པ།
འདུལ་བ་གཞི་ལས། “བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལོ་ཉི་ཉི་ཤུ་རྩ་དགུ་པ་བཞེས་ཀྱང་འདོད་པ་དག་ལ་མ་རོལ་ཏེ།
རྒན་པོ་དང་། ན་བ་དང་། ཤི་བ།
གཟིགས་པས་ཐུགས་ཕྱུང་ནས་མཚན་མོ་ནམ་ཕྱེད་ན་ནགས་སུ་གཤེགས་ནས།
ལོ་དྲུག་ཏུ་དཀའ་བ་སྤྱད་དེ།
དཀའ་བ་བྱེད་པ་ཅི་ཡང་མེད་པར་རིགས་ནས་ཅི་བདེར་དབུགས་རྔུབ་པར་མཛད།
ཅི་བདེར་དབུགས་འབྱིན་པར་མཛད་ཅིང་། འབྲས་ཆན་དང་ཟན་དྲོན་ལ་སོགས་པ་ཞལ་ཟས་ཆེན་པོ་དག་ཀྱང་གསོལ་བར་མཛད།”
ཅེས་བྱུང་།
དེ་བཞིན་དུ་འདུལ་བ་ལས། “དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་པོ་དེ་ཁོ་ན་འདས་ནས།
དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ།
།བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག
།ཁྱེད་ལ་གལ་ཏེ་གཞན་མུ་སྟེགས་ཅན་དང་།
ཀུན་དུ་རྒྱུ་རྣམས་ཉེ་བར་ལྷགས་ནས་འདི་སྐད་ཅེས་འདྲི་སྟེ།
དགེ་སྦྱོང་གོ་ཏ་མ་གནས་པ་གང་ཞིག་གིས།
ཟླ་བ་གསུམ་པོ་འདི་ལ་ནང་དུ་ཡང་དག་བཞག་པར་གྱུར་ཅེས་འདྲི་ན།
དེ་སྐད་ཅེས་དྲིས་པ་ལ་དབུགས་རྔུབ་པ་དང་འབྱུང་བས་བཞུགས་སོ། །ཞེས་བརྗོད་པར་བྱའོ།
།དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ང་ནི་ཟླ་བ་གསུམ་པོ་འདི་ལ་དབུགས་རྔུབ་པ་དང་།
དབུགས་འབྱིན་བ་དྲན་པའི་གནས་པས་ནང་དུ་ཡང་དག་བཞག་སྟེ།
ངས་དྲན་བཞིན་དུ་དབུགས་བརྔུབས་ན་ཡང་། དྲན་བཞིན་དུ་བརྔུབས་སོ།
།སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲན་བཞིན་དུ་དབུགས་ཕྱུང་ན་ཡང་།
དྲན་བཞིན་དུ་དབུགས་ཕྱུང་ངོ་། སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།།” ཞེས་བྱུང་།
དབུགས་རྔུབ་ཕྱུང་གི་ཉམས་ལེན་དེ།
སངས་རྒྱས་ཀྱིས་ལོ་དྲུག་ཕྱི་རོལ་པའི་དཀའ་སྤྱད་ཀྱི་ཉམས་ལེན་བསྐྱངས་མཐར།
འབྲས་བུ་ཅི་ཡང་མེད་པར་གཟིགས་ནས། སེམས་ཀྱི་རྣམ་གཡེང་བཅོམ་པ།
དབུགས་གཏོང་ལེན་གྱི་ཉམས་ལེན་དེ་གསར་གཏོད་མཛད།
དེའི་སྐོར་བཀའ་འགྱུར་ནང་མི་ཉུང་བ་ཞིག་བཞུགས་ཀྱང་། དབུགས་རྔུབ་ཕྱུང་གི་མདོ།
གླེང་གཞི་དང་བཅས་པ་རྒྱས་ཤོས་མཉན་ཡོད་ལ་གསུངས་པ་དེ།
སྐད་ཡིག་གཞན་དུ་སྣང་ཡང་རང་རེའི་བཀའ་འགྱུར་ནང་མ་བཞུགས་པས། ཁོ་བོས་ཆ་ཚང་བསྒྱུར་ཞུས་བྱས་ཏེ།
དོན་གཉེར་ཅན་འགའི་ཆེད་དུ་ཁྲིད་བཞིན་པ་འདི་ཡིན།
དེ་ནི་རྣམ་རྟོག་རླུང་གི་ཞགས་པས་བཅིངས་པའི་ཐབས།
ཆེས་རྨད་དུ་བྱུང་བའི་སྒོམ་སྟངས་བླ་ན་མེད་པ་ཞིག
།སྟོན་པ་ཐུགས་རྗེ་ཅན་གྱིས་རང་རེ་རྗེས་འཇུག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་མཛད་པ་ཞིག་ཡིན།
རང་རེའི་ལོ་གསུམ་ཕྱོགས་གསུམ་ཉམས་ལེན་མཛད་མཁན་དག་གིས་དོ་སྣང་གནང་དགོས་རྒྱུར།
ལོ་གསུམ་ཕྱོགས་གསུམ་གྱི་དུས་བཀག་བཟོ་དགོས་དོན་ནི།
སྐྱེ་བོ་དར་མ་སྐྱོན་མེད་ཅིག་གིས་ཆུ་ཚོད་ ༢༤ ནང་ཚུད་དུ། ཐ་མལ་པའི་སྲོག་རླུང་ ༢༡༦༠༠
རྒྱུ་བའི་ནང་། ཡེ་ཤེས་ཀྱི་རླུང་ ༦༧༥ རང་བཞིན་གྱིས་རྒྱུ་བ་རྒྱུད་ནས་གསུངས་ཤིང་།
གལ་ཏེ་མི་ཞིག་ལོ་བརྒྱ་ཐུབ་པའི་དབང་དུ་བཏང་ན།
དེའི་དབུགས་རླུང་བཏང་ཚད་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་ནས།
དེའི་བསྡོམ་གྲངས་ལོ་ལ་ཕབ་ན་ལོ་གསུམ་དང་། ཟླ་བ་ཕྱེད་དང་གསུམ་བྱུང་བས།
དེ་ལ་ལོ་གསུམ་ཕྱོགས་གསུམ་ཞེས་ཟེར་བ་ཡིན།
དེས་ན་ལོ་གསུམ་པོ་དེའི་རིང་རྣམ་རྟོག་གི་དབང་དུ་སྐད་གཅིག་ཀྱང་མི་ཤོར་བ་བྱེད་དགོས་པ་ནི།
ཤིན་ཏུ་དཀའ་ཚེགས་ཅན་གྱི་ཉམས་ལེན་ཞིག་ཡིན། འབྲི་གུང་༧སྐྱོབ་པའི་རང་རྣམ་དུའང་།
ངས་ལོ་བདུན་དུ་སྒྲུབ་པ་བྱས་པ་ལ། ལོ་ལྔ་ནི་སྒོམ་མ་ཤེས།
ལོ་གཉིས་བསྒོམ་པས་ད་ལྟའི་འདི་ཙམ་ཞིག་བྱུང་བ་ཡིན། དེ་བས་ལོ་འགའ་བསྒོམ་ན།
ཁྱེད་རྣམས་ཀྱི་རྒྱུད་སྦྱང་པའི་སྟོབས་ཀྱིས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། གཞན་རྣམས་མཁའ་སྤྱོད་དུ་ཁྲིད་ནས་འགྲོ་ནུས་པར་འོང་བ་འདུག
གསུང་པ་དོན་དེ་ལ་དགོངས་ནས་གསུང་འདུག།
དེ་ཡང་འཇམ་དཔལ་གནས་པའི་མདོ་ལས།
རྟོག་པ་རྣམས་ནི་གཡོ་བར་འགྱུར། །རྟོག་པ་མེད་ན་མྱ་ངན་འདས། །གང་ཞིག་རང་བཞིན་དེ་ཤེས་པ།
།དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །ཞེས་གསུངས།
རང་རེའི་ལོ་གསུམ་ཕྱོགས་གསུམ་གྱི་བརྒྱུད་རིམ་ནང་།
སེམས་མ་ཡེངས་པར་བྱེད་དགོས་པ་གསུངས་ཀྱང༌། གོང་གི་རྣམ་རྟོག་རླུང་གི་ཞགས་པས་བཅིངས་པའི་ཐབས་མེད་ཐོག
བསགས་སྦྱང་གི་གྲངས་གསོག་དུས་ཐོག་ཏུ་མ་གྲུབ་པའི་སེམས་ཚབ་ལྟ་བུ་དང་།
ཕལ་ཆེར་ལུས་ངག་གི་བསག་སྦྱང་ཁོ་ནས་དུས་འདས་ཏེ།
ལོ་གསུམ་ཕྱོགས་གསུམ་ཚར་འགྲོ་བ་དེ་འདྲ་ཡོང་བས།
དེས་ན་ཐ་མལ་གྱི་རླུང་དེ་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་ཐུབ་མིན་རང་གིས་བསམ་གཞིག་བྱེད་དགོས་པ་ཞིག་རེད།
དཔེར་ན་ཁྱེད་རང་གིས་དགེ་སྦྱོར་ཞིག་བྱེད་པའི་རིང་དེར། སེམས་མ་ཡེངས་པར་སྐར་མ་ ༥ འམ།
ཡང་ན། ༡༠-༡༥ བར་དུ་གནས་ཐུབ་མིན་ལ་བལྟས་པས་ཆོག ལུས་ངག་གི་དགེ་སྦྱོར་བྱས་ཀྱང་།
རང་སེམས་རྣམ་གཡེང་དབང་དུ་ཤོར་བ་ཡིན་ན།
ལོ་གསུམ་ཕྱོགས་གསུམ་དུས་བཀག་བཟོས་པའི་དགོས་དོན་དེ་ཤོར་བ་ཡིན།
དེར་བརྟེན་སེམས་མ་ཡེངས་པ་བྱེད་རྒྱུ་དེ་གནད་དམ་པ་ཡིན། དེ་ཡང་འབྲི་གུང་༧སྐྱོབ་པས།
དྲན་པ་རྒྱུན་ཆགས་མ་ཤེས་ན། །ལུས་ངག་ཏབ་ཏབ་ཁ་ན་མེད། །ཅེས་གསུངས་པའི་དོན་ཡང་དེར་སྣང་།
རང་ཚོའི་སྲོལ་རྒྱུན་གྱི་ཞི་གནས་སྒོམ་པའི་རྟེན་རྡེའུ་དང་ཤིང་བུ།
སྐུ་སོགས་ལ་མཛད་ཅིང་། སེམས་འཛིན་བེམ་གཟུགས་འགུལ་མེད་དེ་རང་ལུས་དང་ཐད་ཀར་མ་འགྲེལ་བའི་ཐོག
།སྙིགས་དུས་རང་ཚོའི་བློ་ནི་རྒོད་དྲགས་པའི་དབང་གིས།
གཉེན་པོའི་སེམས་འཛིན་དེས་ཆུན་པར་དཀའ་བ་མཐོང་།
སངས་རྒྱས་ཀྱི་དབུགས་རྔུབ་བྱུང་གི་སེམས་སྒོམ་ཐབས་དེ།
ཐད་ཀར་རང་གི་སྲོག་དང་འབྲེལ་ཅིང་། དབུགས་དེ་མ་ཤི་བར་དུ་རང་དང་གར་འགྲོ་མཉམ་འགྲོགས་བྱེད་པས།
གསོན་ཉམས་ལྡན་པའི་ཐོག་བསྒོམ་སླ། འབར་མའི་སློབ་དཔོན་ཆེན་པོའི་གསུང་དུའང་།
དབུགས་ནང་དུ་རྔུབ་པའི་སྐབས། རང་གི་ལྟོ་བ་ལྡིར་བར་བྱེད་པ་དང་།
དབུགས་ཕྱིར་ཕྱུང་སྐབས་ལྟོ་བ་ཞུམ་པར་བྱེད་པར་ཤེས་པ་གཏོད་གསུངས་པས་།
དེ་བས་སོན་ཉམས་ལྡན་ལ། རྣམ་རྟོག་མགོ་གནོན་རྒྱུར་ནུས་པ་ ད་པར་མཐོང་བ་མ་ཟད།
དམིགས་པ་དམའ་དགོས་གསུངས་པའི་མན་ངག་གི་གནད་ཀྱང་ལྡན་པར་མཐོང་།
རྡོ་རྗེ་འཆང་དབང་ཏེ་ལོ་པའི་ཕྱག་ཆེན་གངྒ་མ་ལས།
བློ་དམན་སྐྱེས་བུ་དོན་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་གཅུད་ལ་བོར།
།ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། །རིག་པ་ངང་ལ་མི་གནས་བར་དུ་གཅུན།
།ཞེས་གསུང་པ་ལྟར་དབུགས་རྔུབ་གཏོང་གི་ལམ་ནས་འཁོར་བའི་རྣམ་རྟོག་རླུང་གི་ཞགས་པས་བཀྱིགས་ནས།
སེམས་མ་ཡེངས་པ་རྣལ་མར་རང་བབས་སུ་བཞག་ཐུབ་ན། དམ་པའི་དོན་ལ་དབང་འབྱོར་པས།
རྣལ་འབྱོར་པ་ཞེས་ཡོངས་སུ་གྲགས་པར་གྱུར་བ་ཐེ་ཚོམ་མི་མངའ་ལ། ཚན་རིག་པ་ཚོས་སྒོམ་ལ་ཞིབ་འཇུག་བྱས་ཏེ།
སྒོམ་གྱིས་ནད་གསོ་བ་དང་། སེམས་བདེ་བ་སོགས་བར་ལམ་འགྲེལ་བརྗོད་མང་པོ་མཐོང་། དཔེར་ན། འཛམ་གླིང་གི་གསར་འགྱུར་ལས་ཁུངས་གྲགས་ཅན་དབྱིན་ཇིའི་རླུང་འཕྲིན་ཁང་(BBC)གིས་སྤེལ་བའི་སྒོམ་སྐོར་གྱི་གནས་ཚུལ་ཞིག་ལྟར་ན།
སྒོམ་རྒྱག་སྐབས་མིའི་ཀླད་པ་ལས་རྫས་རྒྱུ་ཁྱད་པར་བ་ཞིག་འབྱེད་ཅིང་།
རྫས་རྒྱུ་དེས་ལོ་རྒས་པས་རྐྱེན་བྱས་ཏེ་རིམ་བཞིན་ཉམས་ཞན་དུ་འགྲོ་བཞིན་པའི་ཀླད་པའི་ནུས་རྩོལ་ཁག་སླར་གསོ་བྱེད་ཐུབ་པ་མ་ཟད།
ད་དུང་མིའི་ནད་འགོག་མ་ལག་གི་སྟོབས་ཤུགས་ཇེ་ཆེར་གཏོང་ཐུབ་ཀྱི་ཡོད་པས།
ལུས་སེམས་ཀྱི་བདེ་ཐང་ཆེད་སྒོམ་རྒྱག་རྒྱུར་སྐུལ་མ་བྱས་འདུག དེ་ལ་སོགས་པ་མང་བས་རེ་ཞིག་དེ་ཙམ་བྱས་ནས།
མཇུག་བསྡུས་སྨོན་ཚིག་༧སྐྱོབ་པའི་གསུང་ནི། ཉོན་མོངས་གསུམ་པོ་སྐྱེས་པའི་ཚེ། །ཆུ་ལ་རལ་གྲི་བཏབ་པ་བཞིན། །སེམས་ཀྱི་མདུད་པ་བྲལ་ནས་ཀྱང་། །འོད་གསལ་ངང་ལ་གནས་པར་ཤོག །ཅེས་པ་འབྲི་མིང་པ་ཕྲིན་ལས་ལྷུན་གྲུབ་ཀྱིས། རབ་གནས་ལྕགས་བྱི། ༢༠༢༠ ཟླ་ ༦ ཚེས་ ༢༠ ཐེ་པེ་ནས། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན། དགེ། དགེ། དགེའོ།། །།
ཡོང་ཁུངས། པར་ཡིག་ཅན་ཞིག་ལས་བཤུས།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།