རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 20 August 2020

མ་བཅོས་རང་བྱུང་གི་དྲན་པ་རྗེ་བཙུན་ཆེན་པོ་གུ་རུ་པདྨའི་མགུར་མ་ཞེས་བྱ་བ།

རྩོམ་པ་པོ། དོལ་པོ་ལྷོ་རི་བ་ཀརྨ་དབང་རྒྱལ།

࿑ ཨ་ཧོ།

གདོད་ནས་འབྲལ་མེད་གནས་ལུགས་དོན་གྱི་སྐུ།།

མ་འགག་རོལ་བའི་གསུང་དབྱངས་ལྷང་ངེ་བ།།

ཆོས་ཉིད་དྲན་པ་རིག་སྟོང་རྒྱ་མཚོའི་ནང་།།

རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོ་འཁྲུངས།།


ཀྱེ་ཧོ་སྣང་བའི་ཆོས་ལ་ཕར་བལྟས་པས།།

ཡོད་ཡོད་ཡིན་ཡིན་སྣང་ཡང་རྨི་ལམ་འདྲ།།

སྣ་ཚོགས་འགྲོ་བའི་རྒྱུད་ཀྱི་ཀུན་རྟོག་ནི།།

བྱིས་པའི་རྩེད་མོ་བཞིན་དུ་གཏད་སོ་བྲལ།།


འགའ་ཞིག་འཁོར་བའི་གནས་ནི་འཇིགས་སོ་ལོ།།

འགའ་ཞིག་དག་པའི་ཞིང་ལ་འགྲོ་དགོས་ཟེར།།

འགའ་ཞིག་ལྷ་དང་བླ་མས་སྐྱོབ་ཅེས་གྲག།

བདག་ནི་རང་བྱུང་དྲན་པའི་ངོ་ལ་ལྟ།།


ཤ་ཁྲག་རུས་གསུམ་འདུས་པ་ཕུང་པོའི་ནང་།།

རྩ་ཐིག་རླུང་གསུམ་སྒྱུ་མའི་ཟློས་གར་འཁྲབ།།

དེ་ལ་རྟེན་པའི་མེད་སྣང་རྟོག་ཚོགས་ཀྱིས།།

རང་བྱུང་དྲན་པའི་བུ་ཆུང་བསླུ་ཉེན་གདའ།།


དངོས་མེད་ནམ་མཁའི་ཀློང་ན་ཞིང་ཁམས་དང་།།

མི་བརྟན་འབྱུང་བཞིའི་དཀྱིལ་ནས་སྙིང་པོ་ཞིག།

འཚོལ་ལ་བྲེལ་བའི་གྲུབ་མཐའི་བློ་ཅན་དང་།།

སོ་སྐྱེས་འགྲོ་བ་འདི་རྣམས་སྙིང་རེ་རྗེ།།


ཚོགས་དྲུག་ཡུལ་དང་རྣམ་ཤེས་དྲུག་པོ་ཡི།།

བར་ནས་འགྲོ་དྲུག་འཁྲུལ་བའི་གནད་འགག་དེ།།

རང་བྱུང་དྲན་པ་རང་ངོ་མ་ཤེས་ཕྱིར།།

སྐྱབས་གནས་དམ་པ་དྲན་པའི་རྒྱལ་པོར་འདུད།།


འདུ་བྱེད་དྲན་པས་རང་གིས་རང་ལ་ལྟོས།།

ཅི་དྲན་ཅི་འདྲ་ཡང་ཡང་བྱ་ར་གྱིས།།

ཇི་ཙམ་རྩོལ་བས་དྲན་པ་བསྟེན་འགྱུར་ན།།

ཆོས་ཉིད་དོན་གྱི་དྲན་པ་ཤུགས་ལ་འཆར།།


མི་ལུས་རིན་ཆེན་ཐོབ་པའི་དོན་གོ་རུ།།

དགེ་སྒྲུབ་སྡིག་སྤོང་ངོ་ལྐོག་བྲལ་བ་ཡི།།

ཉམས་ལེན་རྟག་ཏུ་དྲན་པས་སྐྱོང་ནུས་ན།།

མེ་སྣང་འཁྲུལ་བའི་གནས་ལ་འཁྱམས་མི་སྲིད།།

 

རང་བཞིན་མེད་པ་སྒྱུ་ལུས་ཕུང་པོ་ནས།།

ངོས་ཟུང་བྲལ་བའི་རྣམ་ཤེས་དགྱེས་ངེས་པ།།

རྟག་ཏུ་དྲན་པའི་དཀྱིལ་དུ་འཛིན་ནུས་ན།།

ཆོས་ཉིད་སྟོང་པའི་དོན་ལ་ཉེ་བར་འགྱུར།།


བསླུ་མེད་རྟེན་འབྲེལ་སྣང་བའི་འཇིག་རྟེན་འདིར།།

འགག་མེད་སྒྱུ་མའི་འཁོར་ལོ་འཁོར་ངེས་པ།།

ལེགས་པར་གོ་ནས་དྲན་ཤེས་བརྟན་པོ་ཡིས།།

འཚེ་བ་མེད་པའི་འཚོ་བ་བསྟེན་པ་གཅེས།།


བདག་བདེ་འདོད་དང་སྡུག་བསྔལ་མི་འདོད་བཞིན།།

ལུས་ཅན་ཀུན་ལ་བྱམས་བརྩེའི་ཏིང་ངེ་འཛིན།།

ཉིན་མཚན་དུས་དྲུག་དྲན་པས་སྒོམ་འགྱུར་ན།།

ཐར་བ་ཆེན་པོ་སེམས་ཉིད་ངང་ལ་ཡོད།།


ལྷ་སྔགས་ཏིང་འཛིན་སྤྲོས་བཅས་ཉམས་ལེན་ཀུན།།

དག་མཉམ་ཆོས་སྐུ་རྫོགས་པའི་རིམ་པ་ལ།།

མེད་ཐབས་མེད་པ་ཏིང་འཛིན་རྡོ་རྗེ་ཡི།

སྲོག་ལྟར་དྲན་པ་འདི་ལ་རྒྱུན་སྐྱོང་གཅེས།།


འདུ་བྱེད་དྲན་པས་དང་པོ་ཀུན་རྟོག་རྣམས།།

རབ་ཏུ་གཅུན་ཞིང་རྩེ་གཅིག་ངང་ལ་ཞོག།

བཟང་རྟོག་ངན་རྟོག་ཅི་འདྲ་ལྷགས་འགྱུར་ཀྱང་།།

མེ་སྣང་སྒྱུ་མར་དྲན་ཙམ་ངང་ལ་ཞོག།


བཟང་རྟོག་འཕྲོ་འཐུད་མི་དགོས་ངོ་ཤེས་པའི།།

དྲན་པ་ཙམ་གྱི་ངང་ལ་ལྷོད་དེ་སྡོད།།

ངན་རྟོག་སྤོང་བའི་ངལ་རྩོལ་མི་བྱེད་པར།།

ངོ་ཤེས་དྲན་པ་ཙམ་གྱིས་ཞི་བར་ངེས།།


འདུ་བྱེད་དྲན་པ་འཁྲུལ་རྟོག་མགོ་ལ་རྒྱོབ།།

ཆོས་ཉིད་དྲན་པས་སེམས་ཉིད་ངལ་གསོ་གྱིས།།

དྲན་པ་རྣམ་གཉིས་རེ་མོས་ངང་ལ་བསྟེན།།

རྩལ་ཆེན་རྫོགས་ཚེ་ཆོས་ཉིད་དྲན་པས་ཆོག།


རིག་སྟོང་རྗེ་བཙུན་མཚོ་སྐྱེས་རྡོ་རྗེ་དང་།།

འགག་མེད་སྒྱུ་འཕྲུལ་རོལ་བ་རིག་འཛིན་ཚོགས།།

འབྲལ་མེད་གནས་ལུགས་དོན་གྱི་དྲན་པའི་ངང་།།

དབྱེར་མེད་ངོ་བོ་གཅིག་ཏུ་ལྷུན་གྱིས་གྲུབ།།


དྲན་པས་སེམས་ཀྱི་མེ་ལོང་ངོས་ལ་ལྟོས།།

དྲན་པས་འཁྲུལ་སྣང་གཟུགས་ལ་དཔྱད་པ་ཐོངས།།

དྲན་པས་རང་བཞིན་རྩལ་བྲལ་རྟོགས་པར་གྱིས།།

རྟག་ཏུ་དྲན་པའི་ངང་དུ་མཉམ་པར་ཞོག།


ཅེས་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་ལྷོ་རི་བ་ཀརྨ་དབང་རྒྱལ༼མི་གནས་རང་བྱུང་༽གིས་རང་ཉམས་དང་སྦྱར་ནས་གླུ་འདི་ནུབ་ཧྥ་རན་སིའི་གྲོང་ཁྱེར་ཆེན་པོ་ཕེ་རི་སིར་ 29/07/2020 ཉམས་གྱིས་བླངས་པའོ།།


ཡོང་ཁུངས། ངོ་དེབ་ནང་གི་«དོལ་པོའི་རང་དབང་གླེང་སྟེགས་»ཚོམས།

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།