སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ།།
ཡིད་འོང་ས་འཛིན་དཀར་པོ་མཐའ་སྐོར་དུ་འཁྱིམས་ཤིང་ཡན་ལག་བརྒྱད་ལྡན་གྱི་འབྲུ་ཕན་དལ་བུ་འབབ་པའི་གནས་མཆོག་བོད་ཡུལ་འདིར་བཀའ་བསྟན་མང་པོ་བསྒྱུར་བ་དང་མཉམ་དུ་གླེང་གཞི་མང་པོ་དར་སོང་བ་ཡིན། དེ་དག་རིང་ནས་རིང་དུ་ཁྱབ་པའི་ཁྲོད་དམངས་ཁྲོད་སྒྲུང་གཏམ་གྲགས་ཅན་མང་པོ་གྱུར་ཏེ། དཔེར་ན། མཐུན་པ་སྤུན་བཞི། རི་བོང་ཅལ་འདྲོགས་སོགས་སོ། །འདི་དག་སངས་རྒྱས་དང་དགྲ་བཅོམ་པའི་སྐྱེས་རབས་དང་བསྒྲིགས་པ་ནི་ཆེས་ཉུང་ཉུང་ཞིག་དང་སུས་ཀྱང་ཆེན་པོ་མོལ་མེད། ལྷག་པར་དུ་བོད་མཁས་པའི་ལེགས་བཤད་དག་ལས་དྲངས་པའི་ཡ་མཚན་ཅན་གྱི་དཔེ་རྣམས། མདོ་རྒྱུད་གླེང་གཞི་དང་བསྟུན་ནས་གསུངས་པ་ནི། དེ་ལས་ཀྱང་དབེན་པ་ཞིག་ཡིན་ཨང་ལགས།
དེང་སང་ཀྱང་བརྟག་དཔྱད་མེད་པའི་ལས་ཀ་རྣམས་ལ། རི་བོང་ཅལ་འདྲོགས་ཀྱི་དཔེར་བཞག་སྟེ་སློབ་གསོ་གཏོང་བའི་ནང་བསྐྱོད་ཆེ་ཤོས་ཤིག་གྱུར། ཕལ་ཆེར་གྱིས་རི་བོང་ཅལ་འདྲོགས་ཟེར་བ་དེ་སྒྲོ་བཏགས་པའི་སྒྲུང་གཏམ་ཙམ་མ་གཏོགས། སྔོན་གྱི་དུས་སུ་བྱུང་མྱོང་བའི་དངོས་ཡོད་ཀྱི་ལོ་རྒྱུས་སམ་འདུལ་བའི་གླེང་གཞི་དང་འབྲེལ་ཡོད་པའི་བསམ་བློ་ནི་ཉིན་མོའི་སྐར་མ་བཞིན། སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ལས་ཀྱང་རྒྱ་གར་མཁས་པ་དྲུག་སྡེའི་སྔོན་སྐྱེ་ཡིན་ཚུལ་ལ་གཞིག་པར་གཅིག་ཀྱང་མེད་དོ། །དེའི་ཕྱིར་ཐོག་མར་གཏམ་རྒྱུད་དེའི་ཁུངས་རགས་རིམ་ཙམ་བརྗོད་པར་བྱའོ།།
རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་བཀའ་དྲིན་ཅན་ཞལ་བཞུགས་པའི་ཚེ། དགེ་འདུན་མང་པོ་དང་དྲུག་སྡེའང་ཡོད་པས། མཉམ་དུ་ཡུལ་ག་གེ་མོ་ཞིག་ཏུ་ཕེབས་ནས་ནགས་ཚལ་ཞིག་ཏུ་བསླེབས་ཚེ། མཚན་མོ་གྱུར་པར་གནས་བརྟན་རྒན་གཞོན་བཞིན། ཤིང་ལྗོན་བཟང་གནང་ནས་གནས་བཅས། དྲུག་སྡེ་དག་གིས་ཤིང་ལྗོན་པ་ཁོང་སྟོང་ཞིག་ཐོབ་པ་ལ། ཉེ་འཁོར་གྲོང་པ་འགའ་ཞིག་གིས་ཤིང་ལྗོན་པ་ཁོང་སྟོང་དེ་ལ་མེ་བཏང་བ་དང་།ཁོང་སྟོང་དེའི་ནང་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཞིག་གནས་པ་དེ་དུ་བས་དཀྲུགས་ནས། སྟེང་གི་ཡལ་ག་ལ་འཛེགས་ཏེ་འཕྱང་ཞིང་འདུག་ལ་དྲུག་སྡེ་དག་གིས་མཐོང་། ཁོང་ཚོས། བྱུང་ངོ་བྱུང་ངོ་། །སྨྲས་ཏེ། དོན་མཐུན་གྱིས་དེ་ཐོས་ནས་བསམས་པ། སེང་གེ་བྱུང་ངོ་སྙམ་ནས་དགེ་སློང་རྣམས་སྐྲག་སྟེ་ཕྱོགས་བཞིར་བྲོས་སོ། །དེ་ནས་དེའི་སྐོར་རྣམས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཞུས། སྐྲག་པར་བགྱིས་པ་རྣམས་སྟོན་པས་དབུགས་ཕྱུང་བར་མཛད། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདས་པའི་དུས་ན་ཡང་དྲུག་སྡེ་དག་གི་སྔོན་སྐྱེས་རི་དྭགས་ཀྱི་ཚོགས་ཆེན་པོ་སྐྲག་པར་བྱས་ཏེ་ཕྱོགས་བཞིར་བྲོས་པ་ངས་དབུགས་ཕྱུང་སྟེ་དེ་ཉོན་ཅིག་ཅེས་རྒྱུ་མཚན་དེའི་དབང་གིས་རི་བོང་ཅལ་འདྲོགས་ཀྱི་གླེང་གཞི་གསུངས་པ་ཡིན་ནོ།།
དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་མཚེའུ་ཞིག་གི་འགྲམ་ན་ཤིང་བིལ་བའི་ཚལ་ཡོད་དེ། ཤིང་བིལ་བའི་ཚལ་དེ་ན་རི་བོང་དྲུག་ཅིག་གནས་སོ། །ཤིང་བིལ་བའི་ཚལ་དེ་ནས་ཤིང་བིལ་བ་ཞིག་མཚེའུའི་ནང་དུ་རྡིབ་པ་ན་སྒྲ་ཅལ་ཅེས་ཟེར་བ་བྱུང་ངོ་། །རི་བོང་དྲུག་པོ་དེ་དག་གིས་སྒྲ་དེ་ཐོས་ནས་དེ་དག་ལུས་ཆུང་བས་སྐྲག་སྟེ་འབྲོས་པར་བརྩམས་སོ། ། དེ་དག་འབྲོས་པ་ཝ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། རི་བོང་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་ཝ་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་སྦྲེ་དང་། ཕག་དང་། མ་ཧེ་དང་། བསེ་དང་། གླང་པོ་ཆེ་དང་། དྲེད་དང་། གུང་དང་། སྟག་དང་། སེང་གེ་དེ་དག་ཀྱང་འབྲོས་པར་བརྩམས་སོ། །ཇི་ཙམ་ན་རི་དྲུང་དང་ཉེ་བ་ཞིག་ན་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་ཞིག་འདུག་པ་དེས་སེང་གེ་དེ་དག་འབྲོས་པ་མཐོང་ནས། དེས་སྨྲས་པ། ཤེས་ལྡན་དག །ཁྱེད་ཅག་ཐམས་ཅད་ནི་སྡེར་མོའི་སྟོབས་ཅན་དང་། མཆེ་བའི་སྟོབས་ཅན་ཤ་སྟག་ཡིན་ན་ཅིའི་ཕྱིར་འབྲོས། སེང་གེ་དེ་དག་གིས་སྨྲས་པ།ཅལ་ཅལ་ཟེར་བ་བྱུང་ངོ་། །ཤེས་ལྡན་དག་ཅལ་ཅལ་ཟེར་བ་དེ་ག་ལས་བྱུང་། བདག་གིས་ཀྱང་ཅལ་ཅལ་ཟེར་བ་ག་ལས་བྱུང་མི་ཤེས་སོ། །སེང་གེ་དེས་སྨྲས་པ། ཤེས་ལྡན་དག་མ་འབྲོས་ཤིག་དང་། ཅལ་ཅལ་ཟེར་བ་ག་ལས་བྱུང་བ་བརྟག་པར་བྱའོ་ཞེས་དེས་སྟག་དག་ལ་སྨྲས་ནས་རིམ་བཞིན་རི་བོང་བར་དྲིས་ནས་དེ་དག་གིས་སྨྲས་པ། བདག་ཅག་གིས་འཇིགས་པ་དེ་མངོན་སུམ་དུ་མཐོང་གིས་ཚུར་ཤོག་དང་ཅལ་ཅལ་ཟེར་བ་དེ་ག་ལས་བྱུང་བ་བསྟན་པར་བྱའོ། །ཞེས་དེ་དག་གིས་སེང་གེ་དེ་ཁྲིད་དེ་ཤིང་བིལ་བའི་ཚལ་དེ་བསྟན་ནས་ཅལ་ཅལ་ཟེར་བ་དེ་འདི་ནས་བྱུང་ངོ་ཞེས་སྨྲས་པ་དང་། ཇི་ཙམ་ན་ཤིང་བིལ་བའི་ཚལ་དེ་ནས་ཡང་བིལ་བ་ཞིག་མཚེའུ་དེའི་ནང་དུ་རྡིབ་པ་ན་སྒྲ་ཅལ་ཅེས་ཟེར་བ་བྱུང་ནས་སེང་གེ་དེས་སྨྲས་པ། ཤེས་ལྡན་དག་འདི་ནི་ཅལ་བ་ཡིན་གྱིས་མ་འཇིགས་ཤིག་ཅེས་ཐམས་ཅད་དབུགས་ཕྱུང་བ་དང་། ལྷས་ཚིགས་སུ་བཅད་པས་སྨྲས་པ། རབ་ཏུ་གྲགས་པས་འགྲོ་མི་བྱ།།བདག་ཉིད་ཀྱིས་ནི་མངོན་སུམ་བྱ། །བིལ་བ་རྡིབ་པས་ནགས་ཚལ་ནི། །རྐང་བཞི་མེད་པར་བྱས་ལ་ལྟོས། །དགེ་སློང་དག་དེའི་ཚེ་དེའི་དུས་ན་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་གང་གིས་རི་དགས་ཀྱི་ཚོགས་ཆེན་པོ་སྐྲག་པ་ཕྱོགས་བཞིར་བྲོས་པ་དག་དབུགས་ཕྱུང་བར་གྱུར་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་རི་བོང་དྲུག་པོ་གང་དག་གིས་རི་དྭགས་ཀྱི་ཚོགས་ཆེན་པོ་སྐྲག་པར་བྱས་པ་དེ་དག་ནི་དྲུག་སྡེ་དག་ཡིན་ཏེ། དགེ་སློང་དག་དེ་ལྟར་འདས་པའི་དུས་ན་ཡང་འདི་དག་གིས་རི་དགས་ཀྱི་ཚོགས་ཆེན་པོ་སྐྲག་པར་བྱས་ཏེ་ཕྱོགས་བཞིར་བྲོས་པ་ངས་དབུགས་ཕྱུང་ལ། ད་ལྟར་ཡང་འདི་དག་གིས་དོན་མཐུན་སྐྲག་པར་བྱས་ཏེ་ཕྱོགས་བཞིར་བྲོས་པ་ངས་དབུགས་ཕྱུང་ངོ་ཞེས་སོགས་འདུལ་བའི་གླེང་གཞི་ལས་བྱུང་ཡོད་དོ།།
དེང་སང་སློབ་དེབ་ནང་དུ་མཆིས་པའི་རི་བོང་ཅལ་འདྲོགས་ཀྱི་གཏམ་རྒྱུད་དེ་ཧ་ཅང་མདོར་ཙམ་དང་ཁ་གསལ་ཅི་ཡང་མེད་པས། ཤིན་ཏུ་རྒྱས་པ་ནི་འདུལ་བ་རྣམ་འབྱེད་ནང་ལྟུང་བྱེད་དགུ་བཅུ་པའི་ནང་གསེས་ལྔ་བཅུ་ལྔ་གཉིས་པ་མེ་ལ་རེག་པའི་ལྟུང་བྱེད་ཀྱི་གླེང་གཞིའི་ཐད་དུ་བྱུང་ཡོད་དེ། (རྫོང་སར་བཀའ་འགྱུར་འདུལ་བ་༼ཇ༽དུམ་པའི་ལྡེབ་གྲངས་ ༡༩༢ རྒྱབ་ཕྲེང་གཅིག་ནས།)དེར་བལྟ་བར་བྱའོ།།
ཞེས་པ་འདིའང་ཤར་སྟག་སྒང་ཆོས་གྲྭ་བསྐལ་བཟང་ཕུན་ཚོགས་གླིང་གི་སྲིང་རྫོང་སྤྲུལ་པའི་ཤེལ་ཁང་དུ་འཛིང་པ་འོད་གསལ་རྡོ་རྗེས་སྦྱར་བའོ།།
ཡོང་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།