རྩོམ་པ་པོ། དོལ་པོ་རྟ་རབ་པ་ཕུར་པ། (སྔ་འགྱུར་མཐོ་སློབ་ཆེན་མོ།)
རྣ་བའི་ལམ་དུ་གྲགས་པའི་གླུ་གཞས་ཐན་ཐུན།།
འགྱུར་ཁུགས་སྟོང་གིས་གྲུབ་པའི་སྒྱུ་རྩལ་ཡིན་འདུག།
ཉན་བཞིན་ཉན་བཞིན་དེ་ལ་སེམས་པ་བརླན་ན།།
མཛེས་པའི་གཟུགས་རིས་འདྲ་མིན་ཅི་ཡང་འཆར་འོང་།།
སྙན་པའི་གླུ་ཆུང་དབྱངས་འགྲོས་རེ་རེའི་གསེང་ན།།
འདས་པའི་གསང་ཆའི་གཏམ་རྒྱུད་རེ་རེ་བསྐུངས་པས།།
མང་ཚོགས་འདུ་རྫིའི་དཀྱིལ་ནས་ལྷང་ལྷང་ཐོས་དུས།།
མི་མངོན་ལྐོག་ནས་བཤད་པའི་གསང་བརྡར་གྲུབ་སོང་།།
རོལ་ཆའི་དབྱངས་ལ་འཐེན་པའི་ངག་གི་འགྱུར་ཁུག།
བར་སྣང་མཐོན་པོའི་དགུང་ལ་ལྷང་གིས་གྲགས་དུས།།
ཡ་ཆུང་བྲང་གཞུང་ཁུད་ཀྱི་གཏིང་རིམ་ཞིག་ལས།།
སེམས་ཀྱི་སྣང་བ་དེ་རིང་ལང་མ་ལིང་སོང་།།
གླུ་གསང་མཐོན་པོའི་དབྱངས་ལ་རིམ་གྱིས་འཐིམས་དུས།།
གླུ་ལེན་བྲོ་གར་འཁྲབ་ལ་རང་དབང་མི་འདུག།
ཐོས་འཛིན་རྣ་བའི་བརྒྱུད་ནས་སེམས་ཀྱིས་ཉན་དུས།།
སྣང་བའི་འཇིག་རྟེན་ཁ་མདོག་གཞན་ལ་འགྱུར་སོང་།།
སྙན་དབྱངས་མདངས་ལ་སྦྱར་བའི་གླུ་ཚིག་རེ་རེས།།
ཨེན་ཆུང་བདག་གི་མི་ཚེའི་འགྲོ་འདུག་འགྲེལ་སོང་།།
སེམས་པ་གས་ཆག་ཤོར་བའི་ཁེར་རྐྱང་དུས་སུ།།
ཡིད་ཀྱི་སྐྱོ་བ་སེལ་བའི་རོགས་ཟླར་གྲུབ་ཡོད།།
ཡོང་ཁུངས། ངེད་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།