རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 6 October 2020

ལས་དབང་ཞིག་གིས་རྒྱ་བལ་བསྐོར་བའི་ཟིན་ཐོ།

རྩོམ་པ་པོ། སློབ་དཔོན་འཆི་མེད་ནོར་བུ་དོལ་པོ།

 
ང་ཚོ་དོལ་པོ་ནི་མི་འབོར་གྱི་གྲང་འབོར་ཁྲི་གཅིག་ཟིན་མ་ཟིན་ཞིག་ཡིན་ལ།  སྐད་དང་རིག་གཞུང་ནི་བོད་ཀྱི་མེས་པོ་དར་མ་ཞིག་གི་ཁྱིམ་ཚང་ཡིན་ཞུས་ན་ཡང་ཧམ་པ་ཆེས་སྐྱོན་མེད།  ཆོས་ལུགས་ལ་བསམ་ན་གནའ་ཆོས་བོན་གྱི་རིང་ལུགས། བར་དར་སྔ་འགྱུར་གྱི་རིང་ལུགས། ཕྱི་དར་གསར་མའི་རིང་ལུགས་རྣམས། དབྱར་ལང་ཚོའི་མཛེས་མཆོར་བཞིན་དུ་དར་ན་དར་མཉམ་རྒུད་ན་རྒུད་མཉམ་གྱི་ཚུལ་དུ། བོད་ཁམས་ཧྲིལ་པོའི་འགྱུར་འགྲོས་ལྟར་དུས་དབང་གི་བབས་དང་བསྟུན་ནས་ཆགས་པ་ཞིག་ཡིན། 
 
     དེར་བརྟེན་ང་ཚོའི་མི་གཤིས་རྣམས་ཕལ་ཆེར་གྱི་སེམས་ནང་ལྷན་སྐྱེས་ཀྱི་ཆོས་དད་ཆེ་ཞིང་། རྒྱུན་དུ་སྔར་དགོང་ཀུན་ཏུ་སྐྱ་སེར་ཐ་མི་དད་པའི་སྒོ་ནས་ཤེས་མཁན་དག་གིས་ལེེའུ་བདུན་མ། སྒྲོལ་མ། བླ་མ་རྒྱང་འབོད། མི་ཤེས་མཁན་དག་གིས་ཀྱང་སྔ་དགོང་རྣམས་སུ་ཁ་སྟོང་བསྡད་ན་ཆད་པ་ཡོད་པའི་བཟོ་འདྲ་ཞིག་གོམས་ནས།  མ་ཎི།  བཛྲ་གུ་རུ།  དུས་གསུམ་སངས་རྒྱས། ཚིག་བདུན་གསོལ་འདེབས། གཞན་ཡང་མགོ་མཇུག་བར་གསུམ་འཁྲུགས་པའི་ཁ་འདོན་ཅི་རིགས་པ་འུར་འདིར་འདིར་ངང་ནས་དུས་ཚོད་བསྐྱེལ་ལུགས་ཤིག་ཡོད་ལ།  ཐ་ན་བྱིས་པ་ལོ་བརྒྱད་དག་གིས་ཀྱང་ཕ་མའི་ཁ་འདོན་ནས་གོམས་ཏེ་ཚིག་བདུན་གསོལ་འདེབས། དུས་གསུམ་སངས་རྒྱས། མ་ཎི།  བཛྲ་གུ་རུ་རྣམས་ངག་ཐོག་ནས་རང་གི་མ་ལ་འབོད་པའི་ངག་བཞིན་བསྐྱོར་རྒྱུ་ཡོད།
 
     དེ་ལས་ཀྱང་བག་ཕེབས་པ་དང་ཞི་བདེ་བ་ཞིག་ནི། ཕ་ཡུལ་དེར་ཆོས་ལུགས་འཐེན་འཁྱེར་གྱི་ལྟ་ཚུལ་མེད་པ་ནི། བླ་མ་སུ་ཞིག གྲྭ་པ་སུ་ཞིག གང་ལྟར་ཆོས་གཟུགས་ཅན་ཞིག་དང་། ཡང་ན་ང་ཚོའི་ཁ་སྐད་ལ་གྲྭ་ཆས་ལ་ʺའདུལ་ཆས་ʺའབོད་སྲོལ་ཡོད་པ་བཞིན། དེ་ལྟ་བུའི་ཆས་ཅན་ཞིག་ཡིན་ནས་བཟུང་། གྲྭ་པ་བླ་མ་ཞེས་འབོད་པ་ཙམ་ལས།  ཕྱི་དར་ཐབ་རྩོད་རིང་ལུགས་ཀྱིས་ཐིག་ཚད་བཏབ་པའི་ཕྱོགས་རིས་ཀྱི་འབོད་སྒྲ། བོན་སྙིང་བཀའ་ས་ཇོ་དགེའི་ཐ་སྙད་དག་རིང་དུ་སྤངས་ནས།  ཀུན་ལ་གུས་བཀུར་གྱི་ཡུལ་དུ་མཆོད་གནས་སུ་བཀུར་སྟངས་འདི་ནི། ངོ་མཚར་དང་དགའ་ཚོར་སྐྱེ་འོས་པའི་ངའི་ཕ་ཡུལ་གྱི་དད་ལྡན་སྐྱ་བོ་དག་གི་དད་སེམས་བཅོས་མིན་ཞིག་ཡིན།
 
     ཕྲན་ལ་མཚོན་ན་ཕ་ཡུལ་རང་དུ་ཐོག་མའི་འབྲི་ཀློག་ནི་ཕ་རྒན་ནས་འགོ་བཙུགས་ཤིང་། རྗེས་སུ་ ༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གི་ཐུགས་སྲས།  ༧སྐྱབས་རྗེ་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེ་མཆོག་གི་སྐུ་འདུན་དུ་འབྲི་ཀློག་སྦྱོང་བཞིན། དཔལ་བྱང་ཆུབ་དགེ་འཕེལ་གླིང་དུ་ལོ་འགའ་ཞིག་བསྡད་པ་ཡིན། རང་ལོ་བཅུ་དྲུག  ༢༠༠༡ ལོར། རིགས་བདག་འཁོར་ལོའི་མགོན་པོ་གྲུབ་དབང་ཡིད་བཞིན་ནོར་བུའི་མཚན་སྙན་རྣ་བར་གོམས་པའི་སྟོབས་ལས་རིང་ནས་ཡིད་ལ་བརྣགས་པའི་བགོ་སྐབས་དེ་ཡང་མངོན་དུ་གྱུར་ནས། འཆར་ཅན་གྱི་གྲ་སྒྲིག་གང་ཡང་མེད་རུང་། ལམ་འགྲོ་ཞིག་གིས་ཞི་བདེ་ཆོས་ཀྱི་གྲོང་ཁྱེར་ཞིག་ཏུ་འབྱོར་ནས། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཞབས་ཟུང་སྤྱི་བོར་བསྙེན་རྒྱུའི་སྐལ་བཟང་ཐོབ་ཅིང་། ལོ་ངོ་བཅུ་བདུན་གྱི་རིང་ལ་སློབ་གྲྭ། བཤད་གྲྭ། གྲྭ་ཚང་དང་བཅས་པའི་ལས་འགན་ཕྲན་བུ་དག་རིམ་པར་མཐའ་གྲུབ་མཚམས་སུ། ན་ནིང་དགོན་གཞུང་ནས་ཕ་ཡུལ་ཕྱོགས་ཀྱི་སློབ་འབྲིང་ཞིག་ཏུ་སློབ་ཁྲིད་ཀྱི་ལས་འགན་དུ་བཏང་བ་ལྟར། མི་ལོ་བཅུ་བདུན་གྱི་རྗེས་སུ་བསྐྱར་ཡང་སྔར་གྱི་ཡུལ་སྲོལ་གོམས་གཤིས་དག་ལ་ཕྱིར་དྲན་བྱ་རྒྱུའི་ལེགས་སྐྱེས་བཟང་པོ་ཞིག་བསྩལ་འདུག་དྲན།
 
     མ་གཞི་ནས་ངའི་ཕ་ཡུལ་ནི་ས་ཚད་ཀྱི་རྩེ་མོ་གྱུར་སྟབས།  དུས་བཞི་འགྱུར་ལྡོག་ཆེ་རུང་མཐའ་བསྐོར་གྱི་གངས་རི་དག་ནི་རྟག་ཏུ་གངས་རི་རང་དུ་མཐོང་ཞིང་།  གང་དུ་སོང་ཡང་རང་བྱུང་ཁམས་ཀྱིས་སྤུད་པའི་མཛེས་མཆོར་ཤ་སྟག་ལས་གྲུབ་གཤིས། ལུས་ཁམས་ཡང་ཞིང་སེམས་ཁམས་དྭངས་ལ། ཡུལ་མི་ཚོས་ཞིང་ལས་ཨར་ལས་ཅི་འདྲའི་དཀའ་ངལ་ཡོད་རུང་། བློ་བདེ་གུ་ཡངས་ངང་རྩེད་མཚར་དང་དགོད་སྒྲའི་ངང་ནས་དུས་འདའ་བ་ཞིག་ཡོད།
 
     གང་ལྟར་དེང་རབས་ཟིང་ཆ་དང་། ཟོལ་བཅོས་ཀྱི་ཁྲོད་ནས་སུན་པའི་མི་བུ་དག་ལ་བག་ཕེབས་ཞི་བདེའི་སྐྱིད་སྣང་དམིགས་བསལ་ཞིག་བྱིན་ངེས་པ་ནི། སྣོད་བཅུད་ཀྱི་སྐྱེ་དངོས་ཐམས་ཅད་ཚེ་སྲོག་ལ་འཕྲོད་སྦྱོར་ཆེ་བའི་ཐོན་ཁུངས་རང་ལས་གྲུབ་ཡོད། ཡིན་ནའང་འདིར་ཉམས་རྒུད་དུ་ཕྱིན་པའི་བྱ་སྤྱོད་འགའ་ཞིག་གླེང་ན།  རྒྱ་ནག་ནས་འཐོན་པའི་སྙིགས་ཟས། སྟབས་བདེ་ཐུག་པ། ཆུ་མངར་རིགས་འདྲ་མིན། སྦི་རག ཐོ་ཕན། རྒྱ་རག་སོགས།  ལུས་ཁམས་ཀྱི་བདེ་ཐང་ལ་གནོད་པའི་རྫས་འགྱུར་གྱི་ཟ་འཐུང་བག་མེད་དུ་ལོངས་སྤྱོད་པ་འདི་ཡིན། 
 
     གཞན་ཞིག་ནི་ཁོ་བོ་ʺརྟ་རབ་ʺནས་ʺནང་ཁོངས་ʺལ་ཕྱིན་ཏེ་ཡུལ་སྡེ་ཕལ་ཆེར་ཞིག་བྲེལ་ཟིང་ངང་ལ་ཡིན་སྟབས། དེ་ཙམ་གླེང་མོལ་བྱ་རྒྱུ་མ་བྱུང་ཡང་། གཉེན་ཚན་ཡུལ་མི་ཁག་ཅིག་ལ་ཐུག་ཕྲད་དང་ལབ་གླེང་གི་བརྒྱུད་རིམ་འདྲ་མིན་གྱི་ཁྲོད་ནས། ཁོང་ཚོས་ཕྲན་ལ་ནང་ཚགས་ཀྱི་ཚུལ་དུ་ཁྱེད་ཀྱི་དགོན་པའི་གནས་སྟངས་ཅི་འདྲ་ཡོད་ཟེར་ནས། ཚུལ་མིན་གྱི་དོགས་འདྲི་མང་པོ་བྱས་སོང་ལ། མ་ཟད་རྙིང་མ། དགེ་ལུགས། ས་སྐྱ། བཀའ་རྒྱུད། བོན་སོགས་རིམ་པས་བཤད་པ་རྒྱབ་ནས་བཟང་རབས་ངན་རབས་ཤིག་བཤད་མཐར།  ངའི་བུ་དེ་དགོན་འདི་འདྲ་ཞིག་ལ་ཡོད་སྐད། ཁོང་བསྡད་ས་དེ་ཆོས་ལུགས་ག་རེ་རེད་ཟེར་ནས། དེ་ལ་བཟང་རབས། དེ་ལ་ངན་རབས་སོགས་གླེང་བ་མཐོང་དུས། ད་ནི་སྔར་ལས་ལྡོག་སྟེ་སྐྱ་བོ་དག་གི་ཁྲོད་ནའང་མི་དགོས་པའི་འཆལ་གཏམ་སྣ་ཚོགས་ཤིག་འུར་སྒྲོག་བྱ་རྒྱུ་དར་འདུག་དྲན་ནས། དེ་དག་ལ་ལན་གྱི་སྤྲོས་པ་བསྐྱུངས་ནས་མི་སྨྲ་བའི་རྟུལ་ཞུགས་སྐྱོང་བཞིན་སྐྱོ་སྣང་དང་བཅས་ཏེ། དགོས་མེད་ཀྱི་སེམས་ཕྲལ་ཞིག་ནི། དུས་ནམ་ཞིག་ན་ང་ཚོའི་ཡུལ་མི་སྦར་མོ་གང་པོ་འདི་ཡང་། ཆོས་ལུགས་འཐེན་འཁྱེར་གྱི་འཐབ་རྩོད་དུ་ཚུད་ཅིང་། ལྟ་ལོག་ཆོས་ལོག་གི་མུན་ཁུང་ཞིག་ཏུ་ལུས་ནས། ཞི་བདེའི་ཉི་འོད་ཀྱིས་མ་ཁྱབ་པའི་རྔམ་སྐྲག་འཁྱགས་རོམ་ཀྱི་ཀློང་དུ་འཐིམ་པའི་མུན་གླིང་ཞིག་ཏུ་མི་འགྱུར་རམ་སྙམ་པའི་ཚོར་སྣང་སྐྱེན་པོ་ཞིག་བྱུང་། 
 
     མཐོང་ཚུལ་འདི་དག་ནི། ང་ཚོ་ཡར་བསྐྱེད་ཀྱི་རྣམ་པ་ནས་དོན་ལ་སྔར་གྱི་མེས་པོ་དག་གི་བཅོས་མིན་གྱི་བཟང་སྤྱོད་དེ། ཞེན་ཁོག་གི་སྒྲོག་ཏུ་བཙུད་ནས་ཆོས་མིན་གྱི་ལམ་ལུགས་ཞིག་ལ་ནན་གྱིས་བསྒྱུར་གྱིན་ཡོད་པས།  སྤྱིར་བཏང་ནས་མར་བསྐྱེད་དུ་ཕྱིན་པ་ཞིག་ཡིན། དེ་ཡང་སྤྱིར་བཙན་བྱོལ་བོད་ཀྱི་རིན་པོ་ཆེ་རྣམ་པའི་བཀའ་དྲིན་ཁོ་ན་ལ་བསྟེན་ནས། ང་ཚོར་བསླབ་པ་སློབ་གཉེར་དཔྱིས་ཕྱིན་པ་བྱ་རྒྱུའི་བགོ་སྐལ་བཟང་པོ་ཞིག་ཐོབ་ཡོད་ལ། གྲུབ་འབྲས་ཡང་མི་དམན་པ་ཞིག་བྱུང་ཡོད། ཡིན་ནའང་ང་ཚོས་དགོན་སྡེ་ཁོར་ཡུག་ནང་དུ་བསྡད་ནས་དགོས་པའི་ཆོས་དེ་མ་སྦྱངས་མ་སྤེལ་བར་། མི་དགོས་པའི་ཕྱོགས་རིས་ཆགས་སྡང་དེ་སྤེལ་ནས། ཕ་ཡུལ་གྱི་སྐྱ་སེར་དག་གི་སེམས་ཁམས་སྐྱུར་མོ་བཟོས་ན། གྲྭ་ས་འགྲིམ་པའི་དོན་གོ་ཆོད་ཀྱི་ཡོད་དམ་སྙམ་པའི་ཚོར་སྣང་ཞིག་ཀྱང་དབང་མེད་དུ་མྱོང་དགོས་བྱུང་སོང་།
 
     དེས་ན་ང་ཚོས་མི་ཡུལ་གྱི་སློབ་ཆེན་དག་ཏུ་ཤེས་རིག་སྦྱོང་བའི་རིང་། བུང་བས་མེ་ཏོག་ནས་སྦྲང་རྩི་ལེན་དུས་ཉེར་མཁོའི་སྦྲང་རྩི་བླངས་ནས། མི་མཁོ་བའི་ཚེར་ཕུང་དག་ལ་བཟང་ངན་མི་རྩོད་པ་ལྟར། ང་ཚོས་ཀྱང་ཉེར་མཁོའི་ཆོས་འདི་ཁོ་ན་བླང་རྒྱུ་ལས། མི་མཁོ་བའི་འཐབ་རྩོད་རིང་ལུགས་ལ་ཐེ་བྱུས་བསྐྱུར་ན་ལེགས་ཤིང་།  ཚད་ལྡན་བླ་མ་དམ་པའི་ཐུགས་དགོངས་རྫོགས་ཤིང་།  རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུའང་དེ་རང་འགྱུར་ངེས་རེད་དྲན། མདོར་ན་ཆེ་ཆུང་སུ་ཡིན་ཡང་སྤྱི་ལ་ཁེ་ཕན་མེད་པའི་སྒེར་གྱི་འཐབ་རྩོད་ཅིག་ལ་ཤི་འཐམ་རོ་འཐམ་བྱས་ནས། སྤྱི་མངས་ཀྱི་སེམས་ནང་དུ་དུག་ཆུ་མ་བླུག་རོགས་ཞུ་ཉེན་འདོད་བྱུང་།
 
     སྟོབས་འབྱོར་གྱིས་ཕོངས་པའི་སྤྲང་འཁྱམ་གྱི་བསམ་ཚུལ་ལ་ཆ་འཇོག་བྱེད་མཁན་མེད་པ་འདི་ཁོ་བོས་སྔོན་ནས་ཤེས་མོད། ཡིན་ནའང་སྨྲ་བརྗོད་ལ་རང་འཁྲི་ཡོད་ཐོག་ཚོར་སྣང་གང་ཤར་སྦ་གསང་མེད་པར་བཤད་རྒྱུར་གོམས་གཤིས། གནས་ལུགས་ཡོད་མེད་ལ་མ་ལྟོས་པར་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན།   ཐང་འཁྱམས་པ་འཆི་མེད་ནོར་བུས་ ༢༠༡༨ ལོར་དོལ་པོ་མདོ་རྟ་རབ་ཤེལ་རི་གངས་ཅན་སློབ་གྲྭ་རུ་བྲིས་སོ།།
 
ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།