རྩོམ་པ་པོ། ནུབ་རི་བ་མི་ཕམ་རྣམ་རྒྱལ། (སྔ་འགྱུར་མཐོ་སློབ་ཆེན་མོ།)
༈ ཉི་གཞོན་ལང་ཚོ་གངས་རིའི་འདབས་སུ་བཞད།།
ལ་ལུང་མང་བརྒལ་འཕགས་ཡུལ་ཞིང་དུ་ཕེབས།།
མདོ་སྔགས་ཀུན་ལ་ཐོས་བསམ་ཕ་མཐར་གསོན།།
མཁན་ཆེན་པདྨ་ཤེས་རབ།
པདྨ་ཀ་རའི་བསྟན་པའི་གྲལ་དུ་བསྐྱོད།།
ཤེས་རབ་གསུམ་གྱིས་འགྲོ་བའི་མུན་པ་འཇོམས།།
ངུར་སྨིག་འཛིན་པ་སྡོམ་བརྩོན་ཀུན་གྱི་གཙུག།
མཚུངས་མེད་བླ་མ་ཁྱེད་ལ་ཅིས་མི་གུས།།
ངུར་སྨྲིག་སྡོམ་བརྩོན་དཔལ་གྱི་རྣམ་རོལ་ཁྱེད།།
ཁྲོ་ཉམས་བྱམས་བརྩེས་བཞིན་རས་སྣང་བ་དང་།།
མཐོ་དམན་ཀུན་ལ་བཀའ་བསྐྱོན་གཏོང་ལུགས་ལ།།
གསང་བདག་ཕྱག་ན་རྡོ་རྗེ་ཁྱེད་མིན་སུ།།
མཁན་ཆེན་རྣམ་གྲོལ་ཚེ་རིང་།
རྣམ་པར་གྲོལ་བའི་ལམ་བཟང་མ་ནོར་སྟོན།།
དུས་ཀྱི་སྙིགས་མ་འགག་ལ་ཐུག་པའི་ཚེ།།
ཁྱེད་ཀྱི་ལམ་སྟོན་བཟང་པོའི་སྒྲོན་མེ་དེས།།
རིང་མིན་བསམ་དོན་གྲུབ་ལ་ཅིས་མི་གུས།།
མདོ་སྔགས་གཞུང་ལ་སྨྲ་བ་ཟླ་མེད་ཅིང་།།
ཐོས་བསམ་སྒོམ་པའི་དམ་པ་ཀུན་གྱི་གཙུག།
སྙིགས་དུས་ཤེས་རབ་སྩོལ་བའི་རྣལ་འབྱོར་དེ།།
འཇམ་དཔལ་གཞོན་ནུ་ཟླ་གཞོན་ཁྱེད་མིན་སུ།།
མཁན་ཆེན་ཚེ་དབང་རྒྱ་མཚོ།
ཚེ་རབས་ཀུན་ཏུ་དམ་པའི་ངང་ཚུལ་ཞིག།
མཁས་པའི་གནས་ལ་མངའ་དབང་དཔལ་གྱིས་ཕྱུག།
རྒྱལ་བ་རྒྱ་མཚོའི་ཚོགས་གཉིས་དཔལ་འབྱོར་བས།།
དྲིན་ཅན་བླ་མ་དེ་ལ་ཅིས་མི་གུས།།
ཞི་དུལ་འཛུམ་གྱིས་བསུས་ཤིང་ཐར་ལམ་སྟོན།།
སྐད་གཉིས་སྨྲ་བས་གོ་ལ་འཁྱོན་དུ་སྐོར།།
གཏན་དུ་ཁྲོ་བར་མི་མངའ་བྱམས་པའི་འཛུམ།།
སུ་འདྲ་མཇལ་ཡང་སྤྱན་རས་གཟིགས་དབང་དངོས།།
མཆོག་སྤྲུལ་མིན་ཡང་རིགས་གསུམ་མགོན་པོ་དངོས།།
གསེར་ཁྲི་མེད་རུང་སྔ་འགྱུར་རྒྱལ་འཚབ་དངོས།།
སྙན་གྲགས་མེད་རུང་དམ་པ་ཀུན་གྱི་མགོན།།
གྲུབ་དབང་བླ་མའི་ཐུགས་སྲས་རྣམ་གསུམ་ཡིན།།
བདག་ཅག་བློ་གྲོས་རྩལ་དང་མི་ལྡན་རུང་།།
ལས་སྨོན་དང་འབྲེལ་མགོན་པོ་རྣམ་གསུམ་མཇལ།།
དེ་བས་གང་དུ་ཕྱིན་ཡང་རང་ཉིད་ལ།།
རང་ཉིད་ངན་རུང་སྐྱབས་ཡུལ་མ་ནོར་མཆིས།།
པར་རིས་དེ་མཇལ་བ་དང་སྨྱུག་རྩེ་དལ་གྱིས་བཀོད་ལ་འདོད་པ་པོ་མི་ཕམ་རྣམ་རྒྱལ་ལམ་ཨ་བྷྱ་རཱ་ཛཱ་ནས།།
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།