རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 16 December 2020

པར་ལ་བལྟས་ནས་བློ་བུར་གྱི་ཐོལ་བྲིས།

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།
ཡོད་ནི་གདོད་མ་ནས་ཡོད་ཀྱང་།།
འབྱུང་ནི་འཁོར་འདས་ཐམས་ཅད་འབྱུང་།།
རྟོག་པས་འཛིན་སྟངས་ཙམ་ཞིག་ལས།།
ཐམས་ཅད་བསམ་ཡས་སྒྱུ་འཕྲུལ་དྲྭ།། 
གདན་གསུམ་ལྷ་ཡི་དཀྱིལ་འཁོར་ཡིན།།

བརྟན་གཡོའི་མཛེས་སྡུག་ཐམས་ཅད་ཀུན།།
གཅིག་ཏུ་བསྡུས་ནས་ལྷ་མོར་ཤར།།
ལྷ་མོ་གཞན་དུ་འཚོལ་མི་དགོས།།
བུད་མེད་ཐམས་ཅད་ཤེས་རབ་མ།།
རྒྱལ་ཡུམ་ཕ་རོལ་ཕྱིན་མ་ཡིན།།
དེའི་རྣམ་འགྱུར་སྣ་ཚོགས་ལས།།
འཕགས་མ་སྒྲོལ་མ་དཀར་སྔོན་དང་།།
འོད་ཟེར་ཅན་དང་རིག་བྱེད་སོགས།།
གཟུགས་ཀྱི་སྐུ་ལ་གྲངས་ཚད་མེད།།
སོ་སོའི་མོས་པ་བཞིན་དུ་འཆར།།

ཡིན་ལ་ཡིན་པར་ཤེས་པའི་ངང་།།
རང་གི་མིག་ལ་སུ་མཛེས་ན།།
དེ་དག་རྟག་ཏུ་དྲན་པར་གྱིས།།
ཡིད་དུ་འོང་བ་ཐམས་ཅད་ཀུན།།
རྒྱལ་བའི་རྣམས་འཕྲུལ་ཡིན་པར་མོས།།
མངོན་རྟོགས་གསལ་བའི་དགོས་པ་ཡོད།།
ཉོན་མོངས་སྐྱེ་བར་འཇིགས་མི་དགོས།།
འདུན་པ་མ་གཏོགས་འདོད་ཆགས་མིན།།
བལྟས་ན་རྟོག་ཚོགས་ཧད་ཀྱིས་འགག།
མྱོང་ན་ལས་རླུང་དབུ་མར་བསྟིམས།།
ཆགས་ལྡན་རྣམས་ལ་ཆགས་ཚུལ་གྱིས།།
ཆགས་མེད་ལམ་དུ་འཁྲིད་པ་སོགས།།
ཐབས་མཁས་མཛད་པ་བསམ་མི་ཁྱབ།།
སོར་མོ་གཡོ་བའི་སྟངས་ཀ་དང་།།
གདུ་བུ་བརྡབས་པའི་སིལ་སྒྲ་སོགས།།
སྒེག་པའི་རྣམ་འགྱུར་རེས་རེས་ཀྱང་།།
མི་རྟོག་ཡེ་ཤེས་མངོན་དུ་བྱེད།།

སེམས་ཀྱི་འཛིན་སྟངས་འགལ་བ་ལས།།
འཁོར་འདས་ཞེས་བྱ་ལོགས་ན་མེད།།
ཉོན་མོངས་ཡེ་ཤེས་རྒུད་དུ་མེད།།
ད་ནི་འགལ་མེད་རྟོགས་པར་མཛོད།།

ཡོངས་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།