རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 18 January 2021

སྔ་འགྱུར་བསྟན་པ་རྒྱས་པའི་ཕ་ས་ནས། །ཀུན་གསལ་ཉི་མའི་མགོན་པོ་གཤེགས་འདི་སྐྱོ།།

ཚེ་དགའ་དབང་རྒྱལརྣམ་གྲོལ་གླིང་

 

དུས་ཀྱི་ལོ་ཟླ་ནག་པོ་མཁའ་ནས་འཆར།།
ཉམ་ཐག་སེམས་ཅན་བསོད་ནམས་མཐའ་ལ་ལྷུང་།།
ལས་དང་སྐལ་བ་རྫོགས་པའི་འཇིག་རྟེན་ནས།།
འགྲོ་བའི་མགོན་པོ་གཅིག་གཤེགས་གཉིས་གཤེགས་རེད།།
 
ལས་ཉོན་འཁོར་བར་འཁྱམ་པའི་གྲོང་ཁྱེར་ནས།།
དུག་གསུམ་མེ་ལྕེ་དམར་པོ་ཡར་ཡར་འབར།།
སྣང་སྲིད་དགྲ་ལ་ཤར་བའི་དུས་སྐབས་དེར།།
འདྲེན་མཆོག་དེད་དཔོན་གཅིག་བཞུད་གཉིས་བཞུད་རེད།།
 
ནད་དང་མུ་གེ་སྐལ་ངན་ཕྱི་ནས་རྡུང་།།
བླ་མ་གཤེགས་པའི་མྱ་ངན་ནང་ནས་རྡུང་།།
ལུས་སེམས་སྡུག་གི་གང་བའི་སྨྲེ་ངག་འདི།།
གདུང་བའི་དབྱངས་ལ་གཏེགས་པའི་མཆོད་པ་ཡིན།།
 
རྣམ་དག་རྒྱལ་བསྟན་ཆུ་བོ་རྒྱས་པའི་སྐབས།།
ལྟ་ལོག་བཙན་དམག་མཁར་རྫོང་བོད་ལ་ཟུག།
བཤད་སྒྲུབ་ཉི་ཟླ་གཉིས་པོ་ནུབ་པའི་སྐབས།།
གྲུབ་དབང་བླ་མའི་ཕྱག་གཡས་ཁྱེད་ཀྱིས་བཟུང་།།
 
བྱང་ཕྱོགས་ཁ་བ་ཅན་གྱི་སྨད་ལྗོངས་ནས།།
སྔ་འགྱུར་བསྟན་པ་རྒྱས་པའི་ཕ་ས་འདིར།།
བཙན་དང་དབང་གིས་ཐབས་ངན་ཅི་བྱུང་ཡང་།།
རྒྱལ་བསྟན་སྲོག་གི་འཇུ་ཐག་གློད་མ་མྱོང་།།
 
རྒྱ་མཚོའི་ཕར་ནང་ཆགས་པའི་ཆོས་སྒར་དེར།།
སྲིད་འབྱོར་གཉིས་ཀྱིས་རྒུད་པ་གང་བྱུང་ཡང་།།
བཤད་སྒྲུབ་བསྟན་པ་རྒྱ་མཚོར་ཐུགས་བཅངས་ནས།།
གྲུབ་དབང་བླ་མའི་བཞེད་དོན་ཞིག་མ་མྱོང་།།
 
རིག་འཛིན་གོང་མའི་ཕྱག་བཞེས་གནད་ལ་མཁས།།
ཟབ་ཁྲིད་མན་ངག་ལམ་གྱི་བརྒྱུད་པ་ཕྱུག།།
ཕ་ཆོས་རི་ལུགས་གཙང་མའིརྒྱུན་གདམས་པས།།
རྒྱལ་བ་དཔལ་ཡུལ་ཚང་གི་མིག་སྟོན་ཡིན།།
 
མདོ་སྔགས་ལེགས་བཤད་རྒྱ་མཚོའི་དགོངས་དོན་བརྙེས།།
ཉམས་རྟོགས་སེམས་ཉིད་རིག་པའི་རྩལ་ཆེན་རྫོགས།།
ཀུན་ལ་འཛུམ་པའི་དགེ་སྦྱོང་ཚུལ་ལྡན་པས།།
དམན་ས་ལམ་དུ་བཟུང་བའི་བླ་མ་ཡིན།།
 
དུས་ངན་སྡུག་གི་ལ་མོ་མ་ཟད་གོང་།།
གཏམ་ངན་སེམས་རྩ་བཟི་བའི་སྒྲ་ཞིག་ཐོས།།
ཁྱེད་སྐུ་ཞིང་གཞན་གཤེགས་པའི་སྣང་ཚུལ་འདི།།
ཡབ་རྗེ་མགོན་པོའི་མཛད་མཐའ་དྲན་དུ་བཅུག།
 
འདུ་འཛོམས་སྣང་བ་འཁྲུག་པའི་རྒྱ་གྲོང་ནས།།
སྐུ་གདུང་གསེར་མདོག་ཅན་དེ་གདན་དྲངས་སྐབས།།
འཕགས་ཡུལ་ལྷོ་གླིང་ཆེན་པོའི་ལྷ་ཁང་ནང་།།
དེ་སྔོན་ཞལ་འཛུམ་མངོན་པའི་མདངས་འདི་དྲན།།
 
གྲུབ་དབང་མཚན་དཔེ་ལོ་འདབ་མ་རྒྱས་གོང་།།
ཁྱེད་སྐུ་ཉི་འོད་ནུབ་རིའི་གཟེབ་དུ་ཡིབ།།
གདུལ་བྱ་མ་སྨིན་འདུལ་བྱེད་ནུབ་པ་འདི།།
བྲང་ཁོག་སྟོད་ཀྱི་སེམས་པ་ལྷག་པར་སྐྱོ།།
 
སྲིད་གསུམ་མི་རྟག་གྲོང་ཁྱེར་ཆེན་པོ་ནས།།
མོས་གུས་ཁྱེད་ལ་ཕྱོགས་པའི་སློབ་ཚོགས་ཚོས།།
ཡང་སྤྲུལ་གཟུགས་སྐུ་སྡོང་པོ་མྱུར་བཞད་པའི།།
རེ་འདུན་ནང་གི་རྨི་ལམ་བསྒུག་བསྡད་ཡོད།།
 
བདག་སོགས་དེ་ནས་ཚེ་རབས་ཐམས་ཅད་དུ།།
མི་བྲལ་ཁྱེད་ཀྱི་བརྩེ་བས་རྗེས་གཟུང་ནས།།
ས་དང་ལམ་ལ་བར་ཆད་མི་འབྱུང་བ།།
ཞིང་མཆོག་པདྨ་འོད་དུ་མཇལ་བར་ཤོག།
 
ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༡༩ ཉིན། བླ་མ་དགོངས་རྫོགས་ཀྱི་བདུན་ཚིགས་གཉིས་པའི་སྐབས་ཀྱི་ཞོགས་པར་རང་ཤག་ཏུ་ཤར་མར་བྲིས་པའོ།། 


ཡོང་ཁུངས།: རྩོམ་རིག་པའི་གཞིས་ཀའི་ཏར་འཕྲིན་བརྒྱུད་ལམ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།