རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 5 February 2021

ནུས་མེད་ཀྱི་བརྩེ་བ།

[སྒྲུང་ཐུང་བོད་འགྱུར་མ།]

ཉི་བསམ་དོལ་པོས་བསྒྱུར།


གདོད་མའི་དུས་ཚིགས་ཤིག་ཏུ་མྱོང་ཚོར་དང་སེམས་ཚོར་དག་གླིང་ཕྲན་དུ་གུང་གསེང་ཕྱིན་པ་རེད། དེར་ཁོ་ཚོས་རང་རེའི་རང་འབྱུང་ཁམས་དང་བསྟུན་པའི་དུས་ཚོད་བག་ཕེབས་ཤིག་ཏུ་རོལ་བཞིན་མཆིས། གློ་བུར་དུ་དྲག་ཆར་དང་བུ་ཡུག་འཚུབ་ལ་ཉེ་ཞིང་ཚང་མར་གླིང་ཕྲན་དེ་ལས་འཕྲལ་མར་བྲལ་དགོས་པའི་གསལ་བརྡ་བཏང་།

     གསལ་བསྒྲགས་དེས་ཐོལ་གྱིས་དྲག་འགུལ་ཞིག་བཟོས་ཏེ་ཚང་མ་ཟང་ཟིང་སྒང་རང་རེའི་གྲུ་རུ་རྒྱུག་ཅིང་། འཕྲོག་བརླག་ཕྱིན་པའི་གྲུ་གཟིངས་དག་བསྐྱར་བཟོ་བྱས་ཏེ་རང་རེའི་ལས་དོན་དུ་བཞུགས་པ་རེད། 

     བརྩེ་བ་ཁོང་ནི་དེ་ཙམ་མྱུར་དུ་བྲོས་རྒྱུར་སེམས་ཐག་བཅད་མེད་ཅིང་། ད་དུང་དེ་རུ་བྱ་བ་མང་པོ་ཞིག་སྒྲུབ་རྒྱུ་ལྷག་ཡོད་པ་རེད། འོན་ཀྱང་། སྤྲིན་པ་འཁྲིགས་ཐེངས་རེ་རེར་བརྩེ་བས་ད་གཟོད་ཐོན་པའི་དུས་བབས་འདུག་པར་དྲན། ཀྱེ་མ། དེ་རུ་གྲུ་གཟིངས་འདེད་ཆས་ཤིག་ཀྱང་མེད་པས་བརྩེ་བས་ཉེ་འདབས་སུ་རེ་བའི་མིག་འཚོལ་ཞིག་བྱས། 

     ཅུང་ཙམ་རྗེས་ནས་འབྱོར་ལྡན་ཞིག་གིས་རྒྱས་སྤྲོས་ཅན་གྱི་གྲུ་གཟིངས་ཤིག་གི་ནང་ནས་རྒྱུ་བ་རེད། བརྩེ་བས་འོ་དོད་ཆེན་པོས། "འབྱོར་ལྡན་ལགས། གྲུ་གཟིངས་འདིའི་ནང་སྐུ་ཉིད་ཀྱིས་ང་ཁྲིད་ན་ཆོག་གམ།" 

     འབྱོར་ལྡན་གྱིས་ "མི་ཆོག" ཅེས་ལན་བཏབ། "ངའི་གྲུ་གཟིངས་ནང་དུ་རིན་ཆེན་རྒྱུ་ནོར་གསེར་དང་དངུལ་སོགས་ཀྱིས་ཁེངས་ཡོད་པས། འདིར་ཁྱེད་ལ་ས་ཆ་སྟོང་པ་མི་འདུག" ཅེས་སྨྲས།

     ཡུན་ཙམ་རྗེས་ནས་རང་འདོད་ཅན་ཞིག་འགྱིང་ཉམས་ཆེ་བའི་གྲུ་གཟིངས་ནང་ནས་བསླེབས་པ་རེད། བསྐྱར་དུ་བརྩེ་བས་ " རང་འདོད་ཅན་ལགས། ཁྱེད་ཀྱིས་ང་ལ་རམ་འདེགས་བྱེད་ཐུབ་བམ། ང་འགྲོ་ལམ་དགག་སྟེ་ལུས་སོང་། ང་འདི་ནས་ཐོན་དགོས་པས་སྐུ་མཁྱེན་ཁྱེད་ཀྱིས་ང་ཡང་མཉམ་དུ་ཁྲིད་རོགས་གནང་།" ཞེས་སྨྲས། རང་འདོད་ཅན་གྱིས་ཁེངས་དྲེགས་ཆེན་པོའི་ངང་ "མི་ཆོག། ངས་ཁྱེད་རང་ཁྲིད་མི་ཐུབ། ངའི་གྲུ་གཟིངས་ཁྱེད་ཀྱི་རྐང་པའི་འདམ་རྫབ་ཀྱིས་སྦགབཙོག་བཟོ་ངེས་རེད།" ཅེས་འགྲེལ། 

     དུས་ཡུན་འགའི་རྗེས་སུ་སྡུག་བསྔལ་ཡང་བསླེབས་པ་རེད། སླར་ཡང་བརྩེ་བས་རོགས་རམ་ཆེད་དུ་བཀའ་འདྲི་ཞུས་པ་རེད། འོན་ཀྱང་དེ་ཡང་མ་བྱུང་བ་རེད། 
"མི་ཆོག། ངས་ཁྱེད་རང་ཁྲིད་མི་ཐུབ། ང་རང་ཧ་ཅང་ཉོབ་ཀྱིན་འདུག། ང་རང་ཉིད་གཅིག་པུར་འགྲོ་འདོད་ཡོད།" ཞེས་སྨྲས། 

     རེ་ཞིག་གི་རྗེས་ནས་ཞི་བདེ་རྒྱུ་འོང་དུས། བརྩེ་བས་སླར་ཡང་རོགས་རམ་ཆེད་དུ་འདྲིས་པ་རེད། འོན་ཀྱང་། ཞི་བདེ་ནི་ཧ་ཅང་ཞི་བདེ་ཡིན་པས་ཁོས་གཡས་གཡོན་ལ་མ་བལྟས་པར་གཞི་གཅིག་རང་ལ་དོ་སྣང་བྱས་པ་རེད། 

     བརྩེ་བ་ཁོང་ནི་གལ་ལེར་བཟོད་གླགས་མེད་པར་ཡིད་ཞུམ་པ་རེད། དེའི་རྗེས་རེ་འགའ་ཞིག་གིས་ "ཡ་བརྩེ་བ་ཤོག་དང་། ངས་ཁྱེད་རང་ང་དང་མཉམ་དུ་ཁྲིད་ཆོག" ཅེས་བཟློས། བརྩེ་བས་སུ་ཞིག་སེམས་དཔའ་ཆེན་པོ་ཡོད་མེད་མི་ཤེས་མོད། འོན་ཀྱང་། མོ་རང་ཧ་ཅང་སོས་དལ་བག་ཕེབས་ཀྱིས་རང་ཉིད་ཀྱི་འགྲུལ་ཡུལ་དུ་བདེ་འཇགས་ངང་འབྱོར་རྒྱུར་བློ་གཏད་བྱུང་བ་རེད། 

     བརྩེ་བ་གྲུ་གཟིངས་ནས་མར་བབས་རྗེས་ཤེས་ཡོན་དང་འཕྲད་པ་རེད། བརྩེ་བས་དྲི་བརྩད་བྱས་པ་སྟེ་ "ཤེས་ཡོན་ལགས། སུ་ཞིག་གིས་ཀྱང་ང་ལ་རོགས་རམ་བྱེད་མི་འདོད་པའི་སྐབས་སུ། སུས་ང་ལ་གཏོང་ཕོད་ཆེན་པོའི་ངང་རོགས་རམ་བྱས་པ་རེད་དམ།"

     ཤེས་ཡོན་ནི་འཛུམས་མདངས་ཤིག་ཕྱུང་སྟེ་ན་རེ། "ཨོ། དེ་ནི་དུས་ཚོད་རེད།" ཅེས་ལན་བཏབ། "དེས་ན་དུས་ཚོད་ཀྱིས་ག་རེ་བྱས་ནས་ངའི་རྗེས་སྙེག་བྱེད་རྒྱུར་མཚམས་འཇོག་ཅིང་ང་རང་བདེ་འཇགས་ཤིག་ཏུ་ཁྲིད་པ་རེད་དམ།" བརྩེ་བ་ནི་དེ་ལྟར་ཡ་མཚན་པ་རེད། 

     ཤེས་ཡོན་གྱིས་སྒེག་ཉམས་དོད་པོའི་འཛུམ་ཞིག་མངོན་ཏེ་ "རྒྱུ་མཚན་ནི་དུས་ཚོད་ཁོ་ནས་ཁྱེད་རང་རླབས་ཆེན་དང་ཅི་ཞིག་ལ་འཇོན་ནུས་ཡོད་མེད་རྟོགས་ཤིང་། བརྩེ་བ་ཁོ་ནས་ཞི་བདེ་དང་རླབས་ཆེན་གྱི་བདེ་བ་ཞིག་འཇིག་རྟེན་འདི་རུ་བསྐྲུན་གྱི་ཡོད་པས་རེད།" ཅེས་ལན་བཏབ། 

     "ཆེས་གལ་ཆེ་བའི་བསླབ་བྱ་ཞིག་ནི་ནམ་ཞིག་ང་ཚོ་འབྱོར་ལྡན་ཡིན་དུས་ང་ཚོས་བརྩེ་བར་སྣང་མེད་བཏང་ཞིང་། ནམ་ཞིག་ང་ཚོར་གལ་ཆེན་ཞིག་ཏུ་ཚོར་དུས་ང་ཚོས་བརྩེ་བ་བརྗེད་འགྲོ་བཞིན་ཡོད། གཞན་ཡང་བདེ་བ་དང་སྡུག་བསྔལ་གྱི་བར་ནས་ཀྱང་ང་ཚོས་བརྩེ་བ་དེ་བརྗེད་འགྲོ་བཞིན་ཡོད། དུས་ཚོད་ཁོ་ནའི་ཁྲོད་དུ་ང་ཚོས་ད་གཟོད་བརྩེ་བའི་རིན་ཐང་དང་གལ་གནད་དེ་རྟོགས་ཐུབ། ཅིའི་ཕྱིར་དེ་འདྲ་ཡུན་རིང་སྒུག་པ་ཡིན་ནམ། དེང་འདིར་ཅིའི་ཕྱིར་བརྩེ་བ་དེ་ང་ཚོའི་མི་ཚེའི་ཆ་ཤས་ཤིག་ཏུ་བཟོ་གི་མེད་དམ། 

ཉི་བསམ་གྱིས། ༢༠༢༡/༢/༥ ཉིན་བོད་བསྒྱུར་བྱས། 

* མཆན། 
གོང་གི་སྒྲུང་ཐུང་ནང་གི་འཁྲབ་སྟོན་མི་སྣ་དག་ཚིག་དོན་གྱི་ངོ་བོར་བཞག་ཡོད་པ་ཙམ་ལས་དམིགས་སུ་གང་ཟག་ལ་གཞི་བཞག་མི་འདུག

* མ་ཁུངས་གཤམ་གྱི་དྲྭ་ཐག་ནས་གཟིགས་ཐུབ། 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།