རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 5 February 2021

རཱ་ཧུལ་དང་ཨི་སི་མི་ཏ་གཉིས་ཀྱིས་སྤྱི་ཚོགས་ཀྱི་འདུ་ཤེས་ལ་བཅོས་སྒྱུར་བཏང་།

པདྨ་དགོས་འབྱོར། བལ་ཡུལ།


ཉེ་ཆར་དྲ་ལམ་ནས་ཁྱབ་བཞིན་པའི་གནས་ཚུལ་ཡིད་སྨྲེང་བ་ཞིག་ནི། བལ་ཡུལ་གྷོར་ཁ་ནས་ཡིན་པའི་ར་ཧུལ་གྱི་ཆུང་མ་དགའ་རོགས་གཞན་ཞིག་དང་འགྲིགས་པའི་དོན་རྐྱེན་སྤྱི་ཚོགས་དྲ་ལམ་ནང་ཁྱབ་པ་དེ་རེད། དུས་ཡུན་གང་འཚམས་རྗེས་ནས་ར་ཧུལ་བཟའ་ཟླ་ཨི་སི་མི་ཏར་འཕྲད་པའི་སྐོར་ཡང་རིམ་པར་སྤྱི་ཚོགས་དྲ་ལམ་ནང་ཁྱབ། བཟའ་ཚང་ཁ་ཐག་རིང་ཙམ་བསྡད་རྐྱེན་གྱིས་དོན་རྐྱེན་དེ་བྱུང་བའི་རྗེས་སུ། ཁོང་གཉིས་སྤྱི་ཚོགས་ཀྱི་ལྟ་སྟངས་ངན་པར་གདོང་ལེན་བྱེད་དཀའ་བར་སེམས་ནས། ཕན་ཚུན་གཉིས་ཀར་བརྩེ་སེམས་ཡོད་བཞིན་དུ་སོ་སོར་གྱེས་རྒྱུ་ཕྱོགས་གཉིས་ཀས་མོས་མཐུན་བྱུང་མོད་ཀྱང་། མང་ཚོགས་ནས་བཟའ་ཚང་གཉིས་པོ་བསྐྱར་དུ་ཡིད་དུ་འོང་བའི་བུ་མོ་ཆུང་ཆུང་ལོ་ན་ལྔ་དྲུག་ལ་སོན་ཙམ་དེ་བསམ་ནས། འགྲིག་དགོས་ལུགས་རིམ་པར་ཚ་ཚ་འུར་འུར་གྱིས་གླེང་སྟབས་མཐའ་མཇུག་བསྐྱར་དུ་གཉེན་སྒྲིག་རྒྱུ་ཐག་བཅད། 


       སྤྱིར་ན་བལ་ཡུལ་ནང་རིགས་རུས་སྡེ་ཚན་སོ་སོར་མཁྲེགས་འཛིན་གྱི་བྱ་སྤྱོད་གང་མང་ཞིག་ཡོད་མོད། དེ་དག་ནི་མཐའ་གཅིག་ཏུ་ངན་པར་ཡང་སེམས་མི་རུང་སྟེ། མི་སྒེར་ཞིག་གི་རང་ཚུགས་དང་། མིང་བྱང་བཟང་ངན། འཕྲལ་ཕུགས་མི་ཚེ་བརྟན་ལྷིང་ལའང་འབྲེལ་བ་ཟབ་པོ་ཞིག་ཡོད་ངེས་རེད། ལར་སྤྱི་ཚོགས་ཤིག་ཡར་སྐྱེད་ལ་གོམ་སྟབས་སྒྱུར་བར་བསམ་བློའི་འདུ་ཤེས་གང་མང་ཞིག་གི་འཆིང་ཐག་ལས་གྲོལ་དགོས་པ་དེ་ཡང་གལ་ཆེན་ཞིག་ཅི་ལ་མིན། དེར་བརྟེན་ད་ལམ་ར་ཧུལ་དང་ཨི་སི་མི་ཏ་གཉིས་བསྐྱར་དུ་གཉེན་བསྒྲིགས་པ་དེ་ནི། སྤྱི་ཚོགས་ཀྱི་ཚད་མཚམས་ར་བ་ངེས་ཅན་ཞིག་གི་སྒོ་ཕྱེ་བ་རེད། ལྷག་པར་དུ་གནས་ཚུལ་མགོ་ནས་མཇུག་བར་སྤྱི་ཚོགས་དྲ་ལམ་ནང་ཁྱབ་བརྡལ་སོང་བ་ནི། དེ་བས་སྤྱི་ཚོགས་བཅོས་སྒྱུར་གྱི་ཁ་ལོ་པར་འགྱུར་སྲིད།

       གལ་ཆེ་ཤོས་ནི་བུ་ཕྲུག་ཅན་གྱི་ཕ་མ་བཟའ་ཐོར་གྱི་མཇུག་འབྲས་དེ་རེད། དེའི་སྐོར་གླེང་དུས་ངས་དོལ་པོའི་དམངས་གླུ་ཞིག་དྲན་གསོ་བྱེད་འདོད་པ་ནི་འདི་ལྟར་རེད།
"བྱམས་དག་ཨ་མ་ལོས་བྱམས། །
མ་གཡར་ལས་ལ་བརྐོས་སོང་། །
ལས་ལ་བརྐོས་པའི་མ་གཡར། །
མི་བྱམས་ཞུ་ས་མི་འདུག །"

      མདོར་ན། བཟའ་ཚང་བུ་ཕྲུག་ཅན་ཁ་འཐོར་བའི་རྗེས་མྱོང་དགོས་པའི་དཀའ་སྡུག་གཙོ་བོ་དེ་བུ་ཕྲུག་གི་སྟེང་ན་ཡོད། ལྷག་པར་དུ་མ་གཡར་དེར་བུ་ཕྲུག་བཙས་རྗེས་ལྟོ་གོས་ཡོད་ཚད་ལ་ཉེ་རིང་གི་ཁྱད་ཤོར་འགྲོ་བ་དེ་རེད། དེར་བརྟེན་ངའི་འབྲེལ་ཡོད་བཟའ་ཚང་དཀའ་ངལ་ཅན་ཚོར་ནམ་ཡང་བུ་ཕྲུག་ལ་བསམ་ནས་ཁ་འཐོར་མི་རུང་ཞེས་བཤད་མྱོང་། དེ་ནི་ཕྱོགས་གཅིག་ནས་ང་རང་གི་མྱོང་བ་ཞིག་གིས་ཡིན་ཡང་སྲིད།  ང་ལོ་ན་དྲུག་ལ་སོན་སྐབས་ཕ་མ་གཉིས་ཁ་འཐོར་བ་རེད། མཇུག་འབྲས་སུ་ངས་ལོ་ངོ་བདུན་གྱི་སྐབས་རྒྱབ་ལ་ཁྲེས་པོ་ཆུང་ཆུང་ཞིག་ཁུར་ཏེ། མི་ཡུལ་ལ་འཚོ་བ་སྐྱེལ་དུ་ཆས་པ་སོགས་གཏམ་རྒྱུད་སྣ་ཚོགས་ཤིག་གིས་འགོ་ཚུགས་པ་དེ་རེད། གང་ལྟར་དེ་རིང་ཉེ་ལམ་ངས་ཞིབ་པར་མཐོང་བའི་ར་ཧུལ་དང་ཨི་སི་མི་ཏ་གཉིས། བསྐྱར་དུ་མི་ཚེ་མཉམ་དུ་སྐྱེལ་རྒྱུ་འགོ་བཙུགས་པ་དེས་སེམས་ཧ་ཅང་དགར་བཅུག་སོང་།
  སྤྱི་ཚོགས་དྲ་བའི་སྟེང་གནས་ཚུལ་རིམ་པར་མཐོང་རྗེས་སེམས་ཚོར་ཞིག་པདྨ་དགོས་འབྱོར་གྱིས་ཟིན་བྲིས་སུ་བཀོད། ༠༥/༠༢/༢༠༢༡


ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།