རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 12 March 2021

དོལ་པོ་གསེར་གྱི་ཕོར་པའི་རོལ་རྩེད་ཐེངས་གཉིས་པ་ཁ་དགེ་བཀྲ་ཤིས་དང་གཟི་བརྗིད་ལྡན་པའི་ངང་མཐའ་གྲུབ་པ།


དོལ་པོ་རྩེད་འགྲན་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་དོལ་པོ་གསེར་གྱི་ཕོར་པའི་སྤྱི་ལོ་ ༢༠༢༡ ལོའི་རྐང་རྩེད་པོ་ལོའི་རོལ་རྩེད་ཐེངས་གཉིས་པ་དེ་ཟླ་འདིའི་སྤྱི་ཚེས་ ༠༦ ཉིན་བལ་ཡུལ་རྒྱལ་ས་ཀཱཋ་མཱཎྜཽའི་མངའ་ཁོངས་བཽདྡྷའི་ཉེ་འདབས་སུ་ཁ་དགེ་བཀྲ་ཤིས་དང་གཟི་བརྗིད་ལྡན་པའི་ངང་མཐའ་གྲུབ་འདུག རྩེད་འགྲན་རུ་ཁག་ནང་ཁྱོན་རུ་ཁག་ ༡༨ ཐམ་པ་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ལས་བུའི་རུ་ཁག་ ༡༤ དང་བུ་མོའི་རུ་ཁག་ ༤ བཅས་ཡོད་པ་རེད་འདུག རྩེད་འགྲན་འདི་ནི་ས་གནས་ལེ་ཧི་མཱ་ལ་ཡ་ཕུཊ་སལ་དུ་ཉིན་གཅིག་གི་རིང་རྩེད་འགྲན་བྱས་པ་ཞིག་ཡིན་པར་དོལ་པོ་རྩེད་འགྲན་ཚོགས་པའི་ཚོགས་གཙོ་བུ་ཆུང་ལགས་ནས་འགྲེལ་བརྗོད་གནང་།

       རྩེད་འགྲན་སྐབས་ཀྱི་མཛད་སྒོ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་རུ། རྒྱལ་ཡོངས་རྐང་རྩེད་པོ་ལོའི་རུ་ཁག་གི་རུ་དཔོན་ཐོག་མའམ་འདས་པའི་བལ་ཡུལ་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རུ་ཁག་གི་སློབ་སྟོན་པ་གཙོ་བོ་རཱ་ཇུ་ཀཱ་ཇཱི་ཤཱཀྱ་ལགས་ཀྱིས་གཙོས། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་སྤྲུལ་སྐུ་ཀརྨ་བཟང་པོ་མཆོག་དང་། དོལ་པོ་སྟོད་ཀྱི་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གསུམ་ཀའི་མི་དཔོན་སྐུ་དྲག་རྣམས་ཕེབས་ཡོད་འདུག་ལ། རྩེད་འགྲན་གཟིགས་མོ་བ་ལ་དོལ་སྟོད་ས་གནས་ཁག་གི་མི་སྣ་ཧ་ཅང་མང་པོ་མཉམ་འཛོམས་གནང་ཡོད་འདུག


        བུའི་རྩེད་འགྲན་རུ་ཁག་ནང་། ཕུ་གསུམ་མདོ། བན་ཚང་ཀ་པ། བན་ཚང་ཁ་པ། ས་ལྡང་། བྱི་གཅེར་ཀ་པ། བྱི་གཅེར་ཁ་པ། ཚར་ཁ་ལྟེང་གཤོངས་ཀ་པ། ཚར་ཁ་ལྟེངས་གཤོངས་ཁ་པ། ནང་གོང་ཐནྜར་རྐང་པོལ་རུ་ཁག ནང་གོང་གཡག་རུ་ཁག རྟ་རབ་ཁུངས་ལ་རྐང་པོལ་རུ་ཁག ཀྲིསྚལ་མའུན་ཊེན་རུ་ཁག རྟ་རབ་རྐང་པོལ་རུ་ཁག སྭཡམྦྷུ་དོལ་པོ་རུ་ཁག་བཅས་ཁྱོན་རུ་ཁག་ ༡༤ མཉམ་ཞུགས་བྱས་ཡོད། དེ་དག་ལས་ནང་གོང་གཡག་རུ་ཁག་གིས་རྩེད་འགྲན་ཨང་དང་པོའི་གྲུབ་འབྲས་ལེགས་སོན་བྱུང་བ་དང་། དེ་བཞིན་ཨང་གཉིས་པར་བན་ཚང་རུ་ཁག་ཁ་པ་དང་། ཨང་གསུམ་པར་བན་ཚང་རུ་ཁག་ཀ་པ་བཅས་ཐོབ་ཡོད་པ་རེད་འདུག དེ་བཞིན་རྩེད་འགྲན་པ་སྒེར་པའི་ནང་ནས་རྩེད་འགྲན་གྱི་སྐར་གྲངས་མཐོ་ཤོས་ཀྱི་གཟེངས་རྟགས་དེ་བྱི་གཅེར་བ་བློ་གྲོས་རྒྱལ་མཚན་གུ་རུང་དང་། རྩེད་འགྲན་པ་རྩེ་ཕུད་ཀྱི་གཟེངས་རྟགས་དེ་གཡག་རུ་ཁག་གི་རྩེད་འགྲན་པ་ཀརྨ་དང་། སྒོ་རགས་པ་རྩེ་ཕུད་ཀྱི་གཟེངས་རྟགས་དེ་བན་ཚང་ཁ་པའི་རུ་ཁག་གི་སྒོ་རགས་པ་པདྨ་དགྲ་འདུལ་བཅས་ལ་ཐོབ་ཡོད་པ་རེད་འདུག


       དེ་བཞིན་བུ་མོའི་རྩེད་འགྲན་རུ་ཁག་ནང་། བྱི་གཅེར་བུ་མོའི་རུ་ཁག ནང་གོང་ཕུལ་བྱུང་བུ་མོའི་རུ་ཁག བན་ཚང་རུ་ཁག་ཀ་པ། བན་ཚང་རུ་ཁག་ཁ་པ་བཅས་ཁྱོན་རུ་ཁག་བཞི་མཉམ་བཞུགས་བྱུང་ཡོད་འདུག རུ་ཁག་དེ་དག་ལས་བྱི་གཅེར་བུ་མོའི་རུ་ཁག་གིས་རྩེད་འགྲན་ཨང་དང་པོའི་གྲུབ་འབྲས་ལེགས་སོན་བྱུང་ཞིང་། ཨང་གཉིས་པར་བན་ཚང་རུ་ཁག་ཀ་པ་དང་། ཨང་གསུམ་པར་ནང་གོང་ཕུལ་བྱུང་བུ་མོའི་རུ་ཁག་ཐོབ་ཡོད་པ་རེད་འདུག དེ་བཞིན་དྲང་བདེན་རྩེད་འགྲན་རུ་ཁག་གི་གཟེངས་རྟགས་ནི་བན་ཚང་རུ་ཁག་ཁ་པ་ལ་ཐོབ་ཡོད་པ་དང་། རྩེད་འགྲན་པ་སྒེར་པའི་ནང་ནས་རྩེད་འགྲན་གྱི་སྐར་གྲངས་མཐོ་ཤོས་དེ་བྱི་གཅེར་བུ་མོའི་རུ་ཁག་གི་རྩེད་འགྲན་པ་ཨོ་རྒྱན་བཟང་མོ་གུ་རུང་དང་། རྩེད་འགྲན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ནི་བན་ཚང་རུ་ཁག་ཀ་པའི་རྩེད་འགྲན་པ་རབ་སྒྲོལ་མ་དང་། སྒོ་རགས་པ་རྩེ་ཕུད་ཀྱི་གཟེངས་རྟགས་དེ་ནང་གོང་ཕུལ་བྱུང་བུ་མོའི་རུ་ཁག་གི་སྒོ་རགས་པ་པདྨ་ཀུན་བཟང་བཅས་ལ་ཐོབ་ཡོད་པ་རེད་འདུག


       དེ་ལྟར་རྩེད་འགྲན་མཇུག་ཡོངས་སུ་གྲུབ་པའི་སྐབས་ཀྱི་སྐུ་མགྲོན་གཙོ་བོ་དོལ་པོ་ར་ནག་མཆོག་སྤྲུལ་ལགས་ནས་རྩེད་འགྲན་ཐོབ་མཁན་རྣམས་ལ་གཟེངས་རྟགས་དང་ཕྱག་ཁྱེར་སོགས་བསྩལ་གནང་མཛད་པའི་བཀའ་དྲིན་བསྐྱངས་ཡོད་འདུག

       དོལ་པོ་རྩེད་འགྲན་ཚོགས་པས་འདས་པའི་ལོའི་ནང་དོལ་པོ་སྟོད་ཕྱོགས་ཀྱི་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གསུམ་པོའི་རྐང་པོལ་རྩེད་འགྲན་པ་ནང་ཕན་ཚུན་འགྲན་སྡུར་གྱི་གོ་སྒྲིག་བྱས་ནས་སླེབས་ཡོད་པ་དང་། འདི་ལོར་གོ་སྒྲིག་ཞུས་པའི་ཐེངས་གཉིས་པའི་རྩེད་འགྲན་ནི་དེ་སྔ་ལས་ཧ་ཅང་ཁ་དགེ་བཀྲ་ཤིས་ངང་ལེགས་གྲུབ་བྱུང་བ་མ་ཟད། རྩེད་འགྲན་པ་དང་གཟིགས་མོ་བ་རྣམས་རྐང་རྩེད་པོ་ལོའི་ཐད་སྔར་གྱི་གནས་སྐབས་ལས་དོ་དབྱིངས་ཧ་ཅང་ཤུགས་ཆེར་ཕྱིན་འདུག་པར་རྩེད་འགྲན་ཚོགས་པའི་ཚོགས་གཙོ་བུ་ཆུང་ལགས་ཀྱིས་གསུངས་ཤིང་། མ་འོངས་འབྱུང་འགྱུར་ཆར་ཡང་མུ་མཐུད་རྩེད་འགྲན་གོ་སྐབས་བསྐྲུན་རྒྱུ་ཡིན་པར་གསུངས། ད་རེས་ཀྱི་རྩེད་འགྲན་འདི་ཧ་ཅང་ལེགས་གྲུབ་བྱུང་དོན་གཅིག་ནི་ཧྥི་ཧྥཱ་རྩེད་དཔང་བ་གདན་འདྲེན་ཞུས་རྐྱེན་གྱིས་ཡིན་འདུག་པར་རྩེད་འགྲན་གོ་སྒྲིག་པས་འགྲེལ་བརྗོད་གནང་།


       ཐེངས་འདིའི་རྩེད་འགྲན་གྱི་རོགས་སྐྱོར་བ་གཙོ་བོ་དོལ་པོ་སྐྱིད་སྡུག་ཚོགས་པ་དང་། ཤེལ་ཕུ་གསུམ་མདོ་གྲོང་སྡེ་སྤྱི་ཁག་ལྷན་ཁང་། དོལ་པོ་བུདྡྷ་གྲོང་སྡེ་སྤྱི་ཁབ་ལྷན་ཁང་། ཚར་ཁ་ལྟེང་གཤོངས་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་བཅས་ཡིན་པ་དང་། དེ་བཞིན་གཞན་ཡང་མཐུན་གྱུར་རོགས་རམ་གནང་མཁན་ལ། «མཎྜལ་མགྲོན་ཁང་།» «ཧི་མཱ་ལ་ཡན་འགྲེམས་སྟོན་ཁང་།» «དོལ་པོ་སྤྲུལ་སྐུ་དགེ་རྩ་ཚོགས་པ།» «བྱི་གཅེར་སླར་གསོ་ཚོགས་པ།» «ཨེཀྶ་པློར་ཌོལ་པཱ།» «སིནྡྷུ་སྤོརྚས་ཅཱ་ཝཱ་ཧིལ་ཨེནྜ་ཇོར་པཱ་ཊཱི་»བཅས་ཡིན་འདུག་པ་དང་། སྤྱི་ཚོགས་བརྒྱུད་ལམ་ཁྱབ་སྤེལ་གྱི་རོགས་རམ་གནང་མཁན་«ཨི་མཱནྡཱར་ཁ་བར་»རེད་འདུག དེ་བཞིན་གཞན་ཡང་དོལ་པོའི་མི་སྣ་རྒན་གཞོན་མང་པོས་ཞལ་འདེབས་ཀྱི་རོགས་སྐྱོར་གནང་སོན་བྱུང་འདུག་པ་བཅས་ལ་རྩེད་འགྲན་ཚོགས་པའི་ངོས་ནས་བཀའ་དྲིན་ཆེ་གྲངས་མེད་ཡོད་ཅེས་ཞུས་སོང་། 
       

གསར་འགྱུར་ཡོང་ཁུངས། ཨི་མཱནྡཱར་ཁ་བར།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།