རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 14 March 2021

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ཞི་བར་གཤེགས་པའི་དུས་དྲན་ཉིན་མོའི་སྙན་རྩོམ་ཆེད་འགོད།

«ཁྱེད་མེད་པའི་ཉི་མ་»མགྱོགས་བྲིས་མ།

གངས་སེང་དཀར་མོ། རྣམ་གྲོལ་གླིང་།


འཁོར་ཚོགས་རྒྱ་མཚོ་འདྲ་མོ་སྡུག་གིས་འཐོམ་ཉིན།།
ཉི་མའི་ཅོད་པན་སེར་པོ་མུན་པས་འགེབས་ཉིན།།
མིག་ལ་མཆི་མ་འཁོར་བཞིན་གང་དུ་བལྟས་ཀྱང་།།
གང་སྐུ་གཟི་མདངས་ཅན་པོ་མཇལ་བ་མེད་སོང་།།

ལྗོན་ཤིང་ལོ་མའི་སིལ་སྒྲ་ལྷོད་ལ་འཇགས་ཉིན།།
ལམ་ཁའི་ཆོ་ངེ་གཟན་མོ་རྒྱང་ལ་འདེབས་ཉིན།།
མི་སེམས་ཁོག་ལ་མ་ཤོང་སྡུག་གིས་ཚོས་པའི།།
དྲན་པའི་ན་ཟུག་ལྕི་མོ་མཐའ་ལ་བསྲིང་ཡོད།།

བཅོ་ལྔའི་དུང་ཟླ་དཀར་པོ་ནུབ་ལ་གཟས་ཉིན།།
རི་རྒྱལ་ལྷུན་པོ་ལྟ་བུའི་གཙུག་ཏོར་འགྱེལ་ཉིན།།
ཕན་ཚུན་ངོ་གདོང་བར་ལ་འཛུམ་ཤ་ཆད་པའི།།
དུས་དེ་ད་གཟོད་དྲན་ཡང་སྐྱོ་བས་བརྣང་ཡོང་།།

ལྷ་ཡི་རྒྱལ་མཚན་སེར་པོ་མཁའ་ལ་འཕག་ཉིན།།
འོད་ཀྱི་གཤོག་པ་ཅན་དེ་རྒྱང་ལ་ཕེབས་ཉིན།།
གསེར་གྱི་ལྷ་ཁང་དེས་ཀྱང་སྐྱོ་ཉམས་མིན་ནམ།།
རྒྱ་ཕིབས་འོད་ལ་འཁྱིལ་བ་དལ་ཅིག་ཡལ་སོང་།།

བྱིན་རླབས་བརྒྱུད་པ་ཅན་དེའི་རྨུ་ཐག་ཆད་ཉིན།།
མཛད་བརྒྱ་མེ་ཏོག་འདྲ་ཞིག་ཤུལ་དུ་འཇོག་ཉིན།།
མཆོད་པའི་རྒྱ་མཚོའི་ཁ་ན་བཞུགས་ཤག་ཡིན་ཡང་།།
ང་ཡི་ཡ་ཁོག་དཀྱིལ་མ་སྟོང་པར་གྱུར་སོང་།།

༢༠༢༡/༣/༡༤



«གྲུབ་དབང་བླ་མ་མཁྱེན་ནོ།།»

གཞན་ཕན་ཟླ་བ། སྔ་འགྱུར་མཐོ་སློབ་ཆེན་མོ།


ནོར་ལྷ་གཏེར་གྱི་བང་མཛོད་མ་བསྒྲུབས།། 
ལོག་འཚོའི་གཡའ་ཡི་དྲི་མས་མ་གོས།། 
ཧིན་སྒོར་ལྔ་བརྒྱའི་མ་རྩའི་ཞིང་ལ།། 
བརྒྱ་ཕྲག་དཀའ་བའི་རྔུལ་ཆུས་བརླན་ཏེ།། 
ལྟོ་གོས་ཆོས་གསུམ་དྲིན་གྱིས་སྐྱོང་མཁས།། 
སྦྱིན་པའི་བདག་པོ་གྲུབ་དབང་བླ་མ།། 

སྐུ་ལུས་པདྨའི་གེ་སར་སྦུབས་སུ།། 
གསུང་ངག་དམ་ཆོས་བདུད་རྩིས་ལྟེམ་བཞིན།། 
ཐུགས་ཡིད་དགེ་འདུན་བུང་བའི་ཚོགས་ལ།། 
བསླབ་ཁྲིམས་སྲོག་བསྡོས་གདམས་ངག་སྩོལ་མཁས།། 
སྡོམ་གསུམ་ངུར་སྨྲིག་གར་དུ་རྩེན་པའི།། 
ཚུལ་ཁྲིམས་རྣམ་དག་གྲུབ་དབང་བླ་མ།། 

ཧི་མ་ལ་རིར་གོམ་སྟབས་འཇལ་ཏེ།། 
བེ་ཏའི་ཚ་ཟེར་པང་དུ་བླངས་ནས།། 
ལོ་རྒྱུས་བསྟན་པའི་མེ་རོ་གསོ་མཁན།། 
བསམ་མེད་བྱིས་པས་དུག་ཆུས་གཙེས་ཀྱང་།།
གཞན་ཕན་སྙིང་རྗེས་བདག་གིར་བཞེས་མཛད།། 
བཟོད་པ་ཕུན་ཚོགས་གྲུབ་དབང་བླ་མ།།

ཞུམ་མེད་སྙིང་སྟོབས་རི་རྒྱལ་ལྷུན་པོར།། 
ཁྲག་དང་ཆུ་སེར་བཞུར་རྒྱུན་རིང་མོས།། 
བསྟན་པའི་ལམ་ཆེན་སྲོག་གིས་བསྲུང་ལ།། 
འགྱིག་ལྷམ་རྙིང་པ་ཞབས་ལ་གཡོགས་ནས།། 
གོ་ལ་ཟླུམ་པོར་ཞབས་རྗེས་འཇོག་མཁན།། 
བརྩོན་འགྲུས་མཐར་ཕྱིན་གྲུབ་དབང་བླ་མ།། 

འོད་གསལ་ལྷ་རི་དབེན་པའི་སྒང་ལ།། 
གྲུབ་པའི་དབང་ཕྱུག་པད་མའི་མཚན་ཅན།། 
ཉམས་ལེན་སྤྲིན་བྲལ་ནམ་མཁའི་ཀློང་དུ།། 
རྟོགས་པ་མངོན་གྱུར་ཉི་ཟླའི་སྒྲོན་མེ།། 
གདམས་ཟབ་གནད་གསང་སེམས་ངོ་མཛུབ་བཙུགས།། 
བསམ་གཏན་གཡོ་མེད་གྲུབ་དབང་བླ་མ།། 

དཀར་ནག་ཆབ་སྲིད་རྒྱབ་ཏུ་དོར་ཅིང་།། 
རེ་བའི་བསྟན་འཛིན་མདུན་དུ་བསུས་ཏེ།། 
ལྷག་བསམ་བསྟན་པའི་རྒྱལ་མཚན་སྒྲེང་དུས།། 
གཞན་དོན་ལྕི་མོའི་ཁུར་གྱིས་ནོན་ཀྱང་།། 
རང་ཚུགས་སེམས་དཔའི་བརྟུལ་ཞུགས་མ་དོར།། 
ཤེས་རབ་ཕར་ཕྱིན་གྲུབ་དབང་བླ་མ།། 

གུས་རྨོངས་གཞན་ཕན་ཟླ་བས་སོ།། 



«༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་མཁྱེན།»

ཚེ་དབང་ནོར་བུ། སྔ་འགྱུར་མཐོ་སློབ་ཆེན་མོ།


བླ་མའི་བཀའ་དྲིན་ཆེས་ཀྱང་ཆེ་ཤོས་ནི།།
བླ་མ་མི་ཡི་རྣམ་པར་སྟོན་ཉིད་ལས།།
གཞན་དུ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ན།།
བླ་མའི་ཞལ་རས་ཡིད་ནས་མ་བརྗེད་ཤོག།

བླ་མ་མི་ཡི་རྣམ་པར་རོལ་ན་ཡང་།།
ཉེ་སྲས་བརྒྱད་བཞིན་རྒྱལ་སྲས་ཚུལ་བཟུང་ལས།།
མི་དང་བྱང་སེམས་མིན་པ་ཤེས་བྱས་ཏེ།།
སངས་རྒྱས་ཡིན་ལ་ཡིན་པར་མ་བརྗེད་ཤོག།

གདུལ་བྱའི་ངོ་ན་སྐྱེ་འཆིའི་རྣམ་པ་ཡང་།།
ཐ་མལ་སྐྱོན་གྱིས་ལོག་པར་རྟོག་པ་ལས།།
བླ་མའི་སྐུ་གསུང་ཐུགས་རྗེ་ལྷུན་གྲུབ་ལ།།
བྲི་གང་བགྲེས་རྒུད་མེད་པ་མ་བརྗེད་ཤོག

༡༤།༠༣།༢༠༢༡ ཚེ་ནོར།



«དེ་རིང་ཡང་བསྐྱར་ཁྱེད་དྲན་ཡོང་།»

མདའ་སྨྱུག་བཞུར་པོ། སྔ་འགྱུར་མཐོ་སློབ་ཆེན་མོ།


ཕྱག་ཏུ་སྒོར་རྡོག་བརྒྱ་ཕྲག་འཚོ་ཁའི་བྲལ་ཀྱང་།།
གཤེད་དང་གདུག་གིས་ཁེངས་པའི་ས་མཐའ་དཀྱིལ་ན།།
མིང་མེད་སྙིང་སྟོབས་ཅན་གྱི་རྒྱལ་སྲས་ཤིག་གིས།།
བསྟན་པའི་སྲོག་ཤིང་སྲོང་པོ་སུ་ཡིས་བཙུགས་རེད།།

དཔལ་དང་མིང་གིས་བཏེག་པའི་མི་ཆེན་ཁྲི་དང་།།
གྲགས་དང་དཔུང་པ་མཐོ་པའི་རྫིག་ངོམས་འདི་ཚོ།།
མགོན་པོའི་སྤྱན་ལམ་མདུན་ན་རིན་མེད་མཉམ་ཡོད།།
ཡོད་རྒུས་བསྟན་འགྲོ་ཞིང་ན་འཕང་མེད་སྦྱར་སོང་།།

ཁྲག་མཐོ་མིག་གིས་མ་ཟིན་སེང་གེའི་འགྱིང་ཉམས།།
ཁྱེད་ཀྱི་གཤིས་ལས་གདོད་ནས་འགྱངས་གཤོལ་གྱེས་ཏེ།།
དྲི་དམེ་འདམ་བག་གསེང་ནས་རྨ་ཆུ་ཐིགས་གེ།།
བན་རྨོངས་ངས་ལ་ངོ་ཚ་གཏིང་ནས་སྟེར་སོང་།།

སྨག་གིས་འཐུམས་པའི་མུན་ནག་ཀླ་ཀློའི་གླིང་ལ།།
དར་གྱིས་ཆས་པའི་ཆོས་གོས་སེར་པོ་ཞིག་གིས།།
རྒྱལ་བསྟན་རྨང་གཞི་ཧིར་སྒོར་ལྔ་བརྒྱས་གཙགས་ནས།།
ས་ཡི་སྟེང་ན་གསེར་མདངས་སེར་པོ་བསྐྱངས་མཛད།།

འོད་སྣང་མུན་པར་འཛིན་པའི་འུ་ཅག་ཉིད་ཚོས།།
མ་དད་ཁ་ལོག་བྱོས་ཀྱང་ཞལ་འཛུམ་གདང་མཁན།།
སྲིད་གསུམ་འདི་ན་བསམ་ན་ཉིན་མོའི་སྐར་ཙམ།།
བླ་མའི་རྣམ་ཐར་ཐོས་དུས་མཆི་མ་འགེངས་འགྲོ།། 
         
       ----- གྲུབ་དབང་བླ་མེད་ཁྱེད་མཁྱེན་ནོ།།
         
     ༨/༣/༢༡/   ཁྱེད་དྲན་དུས་ངས་ཡི་གེར་དགོད་འདོད།



«རྗེ་བླ་མའི་འདས་མཆོད་ཉིན།»

རོང་ཕྲུག སྔ་འགྱུར་མཐོ་སློབ་ཆེན་མོ།


བི་མའི་རྣམ་སྤྲུལ་༸གྲུབ་དབང་བླ་མ།།
གདུལ་བྱ་འདུལ་ཕྱིར་འབྱུང་བཞིས་གྲུབ་པའི།།
མི་ཡི་ཤ་ཚུགས་རློན་པར་བརྫུས་ཏེ།།
མཛད་ཕྲིན་རླབས་ཆེན་བསྟན་འགྲོའི་དོན་བསྐྱངས།།

གདུལ་བྱར་སྐྱེ་འཆིའི་རྣམ་པར་སྣང་རུང་།།
དོན་དུ་མི་ཤིགས་རྡོ་རྗེའི་ངོ་བོ།།
ཡོན་ཏན་སངས་རྒྱས་ཀུན་དང་མཚུངས་ཀྱང་།།
བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་གོ།

ཉིན་འདིར་མགོན་ཁྱེད་ཞིང་གཞན་ཕེབས་མོད།།
སླར་ཡང་སློབ་འབངས་ཡོངས་ཀྱི་དོན་དུ།།
ཡང་སྤྲུལ་མཚམས་སྤྲིན་གཞོན་ནུའི་འོད་ཟེར།།
གངས་རིའི་བསྐོར་བའི་ཞིང་ནས་འཚེར་བྱུང་།།

མདོར་ན་སློབ་འབངས་ངེད་ཚོའི་རེ་འདོན།།
ཡང་སྤྲུལ་ཁྱེད་ཉིད་གནས་འདིར་ཕེབས་ཏེ།།
དབང་དང་གདམས་ངག་བཟང་པོ་བསྩལད་ནས།།
ཚོམ་གཅིག་སངས་རྒྱས་མྱུར་འགྲུབ་ཤོག་ཅིག།

༢༠༢༡/༣/༡༤ ཟུར་བཀག་ཉིན་མཐའ་མར་ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་ནས་གང་ཤར་བྲིས།


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།