རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 18 March 2021

མིའི་འགྲོ་བས་བཟས་ནས་རྫོགས་ལ་ཉེན་པའི་ཚེ་སྲོག

ཚེ་རིང་བླ་མ། དེཧ་རཱ་དཱུན་ས་སྐྱ་དགོན།


རང་སྲོག་གཅེས་པར་འཛིན་པའི་མི་ལུས་རྣམས།།
འཚོ་བ་ཤ་ལ་བརྟེན་པའི་ལག་རྗེས་འདིར།།
ཅུང་ཟད་བསམ་ཚེ་གཞན་སྲོག་འཕྲོག་པ་ཡིས།།
ལས་འབྲས་བསམ་དུས་རང་སེམས་འདར་ལ་ཁད།།

ཤ་ཁྲག་ཚིལ་གསུམ་བརྔམ་པའི་ང་ཚོ་ནི།།
རང་ཉིད་གཅེས་པར་འཛིན་ནས་ད་བར་ལུས།།
གཞན་སྲོག་གཅོད་ལ་ཐེ་ཚོམ་མེད་པ་འདིས།།
རང་གི་བདེ་སྐྱིད་གཡངས་ལ་བསྐུར་འདུག་གོ།

རང་ལུས་ཚེར་མ་ཅུང་ཟད་ཟུགས་པའི་ཚེ།།
བཟོད་པར་དཀའ་བའི་ངུ་འབོད་འཆོར་ན་ཡང་།།
མགོན་མེད་བདུད་འགྲོའི་ཚེ་སྲོག་འཕྲོག་པ་འདིས།།
ལས་འབྲས་ཕྱིན་ཅི་ལོག་པར་མ་བྱས་བསམ།

ཁ་ནས་གཞན་དོན་ཟེར་ཞིང་ཁོག་ནས་རང་དོན་ལ།།
མ་བོས་ལྷུག་ལྷུག་རྩོམ་པའི་དེང་གི་མི་བུ་ཚོས།།
རང་ལུས་འཚོ་ཕྱིར་གཞན་སྲོག་གཅོད་པ་འདིས།།
ལས་འབྲས་འཁོར་ཚེ་སྐྱབས་འཇུག་སུ་ལ་ཞུ།།

དལ་འབྱོར་མི་ལུས་ཐོབ་ཀྱང་དོན་མེད་བཏང་།།
ཚེ་འདིར་རང་དོན་གྲུབ་ནས་གཞན་དོན་བཅོམ།།
ཨེ་མ་འདི་འདྲ་མི་ཡིས་བྱས་ཉེས་ལ།
ཅུང་ཟད་བསམ་ཚེ་ལུས་སེམས་འདར་འདར་བྱེད།།

ཉིན་གཅིག་ལྷོད་བདེར་སྡོད་ལོང་མེད་པ་འདི།།
ཤ་དང་ཁྲག་ལ་སྲེད་པའི་འདོད་རྔམ་ཅན།།
ང་ཚོས་བྱས་པའི་ཉེས་པ་ཚབས་ཆེན་ལས།།
འབྱུང་གི་ཡོད་པ་ཅུང་ཟད་སོམས་དང་ཀྱེ།།

འཆི་འདོད་མེད་པའི་ཉམ་ཆུང་བདུད་འགྲོ་ཚོར།།
ཅུང་ཟད་སྨྲ་བའི་སྐལ་པ་ལྡན་གྱུར་ན།།
སྡུག་བསྔལ་གང་ཡོད་འུ་ལ་སྨྲས་པའི་ཚེ།།
ཁ་ནས་ཁྲག་ཀྱང་སྐྱུག་པར་ཅིས་མི་འཚལ།།

མར་གྱུར་སེམས་ཅན་ཟེར་ཞིང་ལོ་མང་ཕྱིན།།
ཁ་རུ་ཤ་ཟ་ཁྲག་འཐུང་གང་འཚམ་བྱེད།།
ཁ་དོན་མི་མཚུངས་ང་ཚོའི་བྱེད་སྟངས་དེས།།
ད་གཟོད་རང་གིས་མི་མྱོང་སུ་ལ་གཡོར།།

རང་དོན་འབའ་ཞིག་སྒྲུབ་པའི་དེང་རབས་ཚོས།།
འདོད་རྔམ་ཆེ་བའི་བྱས་ཉེས་ཤོར་བའི་འོག།
ཉམ་ཆུང་བདུད་འགྲོའི་རང་དབང་འཕྲོག་པ་འདིས།།
བཟོད་དཀའི་ངན་འགྲོའི་སྡུག་བསྔལ་སུས་མྱོང་སོམས།།

ཤ་བཟའ་ཁྲག་ལ་སྲེད་པའི་བྱས་ཉེས་ལས།།
ད་ནི་ཉམ་ཆུང་བདུད་འགྲོ་རྫོགས་ལ་ཉེན།།
སྟོན་རྒྱུ་མེད་པའི་ཁ་ཡི་གཞན་དོན་དག།
ཁོང་རུལ་སོང་བའི་གཞན་དོན་ཨེ་མ་མཚར།།

ཁ་ནས་མར་གྱུར་སེམས་ཅན་འདོན་བཞིན་དུ།།
ལག་ནས་བསད་ཤ་བཟའ་བའི་བྱེད་སྟངས་འདི།།
དངོས་གནས་ཕྱིན་ཅི་ལོག་པའི་ཉེས་བྱས་ལ།།
ཅུང་ཟད་དཔྱོད་ཚེ་ལུས་སེམས་ཡོམ་ཡོམ་བྱེད།།

དྲྭ་གྲོཊ་གངས་དཀར་འཚོ་ཡིས་བརྩམས་ཐུང་དེ་མཐོང་བ་དང་བཀླགས་ཚེ། འདི་ཙམ་ཞིག་རང་གི་སོར་རྩེ་ནས་དབང་མེད་དུ་ཐལ་ལོ།།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།