«གསེར་མདངས་སེར་པོ།»
དཀྱེལ་ཞིང་ཡངས་པའི་ནམ་མཁའི་གསེང་ན།།
ཟེར་གྱིས་རྫོགས་པའི་ཉི་ཟླ་མགོ་ཆེན།།
གང་ཕྱོགས་གང་ན་ཁྱེད་ཀྱི་རྗེས་སྐྱིབས།།
ཁྲོ་ངར་འཐིབས་པའི་ཚང་མང་དབུས་ན།།
ཞལ་མཛུམ་ཕྱག་གཉིས་བསྡེབས་པ་ཙམ་གྱིས།།
ས་རུ་གོས་ཆེན་སེར་པོས་ཁེངས་སོང་།།
ལྷ་གཅིག་གྲུབ་དབང་མ་ཎི་མཁྱེན་ནོ།།
མིག་མེད་གྲོག་མ་བརྒྱ་ཕྲག་རྫོང་ན།།
རིག་གཞུང་རྒྱ་མཚོ་མཁའ་རུ་བསྒྲེངས་ནས།།
སྨྲ་ཤེས་དོན་གོ་མི་ཞིག་བཟོ་མཁན།།
ལྷ་གཅིག་གྲུབ་དབང་མ་ཎི་མཁྱེན་ནོ།།
མཐའ་ན་སུམ་རྟགས་དག་གསུམ་ལྕགས་སྒྲོན།།
གཞུང་གི་ལྡེ་མིག་བསྡུས་གྲྭ་བཞག་ནས།།
རིག་གཞུང་རྒྱ་མཚོ་སྒོ་འབྱེད་ཐོག་མ།།
ལྷ་གཅིག་གྲུབ་དབང་མ་ཎི་མཁྱེན་ནོ།།
སྤགས་ལས་སྒྲུབ་པའི་གཏོར་མ་དཀར་པོ།།
མདངས་ཀྱིས་བྱས་པའི་ཚོན་བཀྲ་ཞིག་དང་།།
མཐའ་འཁོར་རི་མོ་སྣ་ཚོགས་སྐོ་མཁན།།
ལྷ་གཅིག་གྲུབ་དབང་མ་ཎི་མཁྱེན་ནོ།།
༢༡/༣/༡༧ དགོང་མོ་བྲིས།
«ལུགས་ལྡོག་མི་རྟག་ཀ་ཕྲེང་།»
ཨ་ཁ་མདང་ནུབ་གོང་གི་ཨ་མའི་གཉེར་རིས་དེ།།
ཧ་ལམ་ལ་ཁའི་སྟེང་གི་ཆུ་འཛིན་སྤྲིན་པ་འདྲ།།
ས་སྐྱོར་ལེའུ་ཡི་མཚམས་སུ་གཏན་མེད་ཁྱུང་ལྡང་བྱས།།
ཤ་གཟུགས་བཟུང་ཡང་ཐ་མ་ས་ཡི་རྡུལ་དུ་བརླགས།།
ལ་ཐོད་གསེར་གྱིས་ཆས་པའི་རྣག་ཆུང་བུ་མེད་ལ།།
ར་མོ་རིལ་མ་དམེ་དྲི་བཅངས་འདྲ་ཁྱད་སུས་ཕྱེས།།
ལ་ཐོག་ང་ཡིན་ཁྱོད་ཡིན་ཟེར་མཁན་མི་སྣ་ཡང་།།
འ་ཅག་མིག་རྒྱ་ངོགས་སུ་གཏམ་གྱི་ཕྲེང་བ་ཙམ།།
ཟ་གྲི་ཤན་དམར་ལག་ཏུ་ལོན་སྐལ་མེད་ན་ཡང་།།
ཞ་ལ་འདམ་གྱིས་འདྲེས་པའི་ཁུང་མིག་སྲིན་འབྲུ་ནང་།།
ཝ་སྐྱེས་སྡར་མའི་འཆི་ཁ་ཉེ་བའི་དུང་ཚིགས་འབོད།།
ཛ་དྲག་འགུལ་ཞིག་མིན་པ་སུ་ཡིས་བརྗོད་ནུས་སམ།།
ཚ་ཆུ་ལྕགས་ར་ནང་དུ་ཉ་མོས་འཕག་འཚག་བྱས།།
ཙ་རེ་བ་ཡི་དབུགས་རྔུབ་ཐེན་བདོ་མེ་སྟག་བཏུགས།།
མ་བསྒུལ་རང་སྒུལ་འཆི་བདག་བདུད་ཀྱིས་འཕྲོག་བཅོམ་བྱས།།
བ་གམ་གཡུ་མདོག་བརྒྱན་པའི་རྒྱ་མཚོ་དྲན་དབང་བྲལ།།
ཕ་རྒན་སྒྱུ་ལུས་དེ་ལ་འཆི་བདག་བདས་བཞུར་བརྩམས།།
པ་ཡག་སྔོ་ཚལ་ལ་སོགས་ལུས་ལ་བཅུད་མི་བྲོ།།
ན་ཚ་རིས་མེད་སྒྱོགས་མདེལ་བཞིན་དུ་བབས་དོན་ཅི།།
ད་དགོང་ཡོད་མེད་ང་ལ་མཚོན་ན་སྡུག་གིས་སྐད།།
ཐ་ཆད་དུག་ལས་བཙན་པའི་མི་སྡོད་རྒྱུག་སྟངས་དེ།།
ཏ་ཐཱ་ག་ཏ་རྣམས་ཀྱང་ལྡོག་ཏུ་བྱ་བ་མེད།།
ཉ་འབིགས་སོ་ཁའི་འདི་ནས་ཉ་མོས་སྡུག་གིས་སྨྲེང་།།
ཇ་ཤིང་ལོ་མ་ཕྱོགས་སུ་ཡན་ནས་འཐོར་དང་མཚུངས།།
ཆ་རེས་དྲང་སྲོང་ཆེན་པོ་རྫུ་འཕྲུལ་ལྔ་ལྡན་ལ།།
ཅ་ཅོ་མི་བསྒྲགས་རྟག་པ་རང་བྱུང་ཟེར་སོང་ན།།
ང་མེད་རྟོགས་པའི་ཤེས་རབ་འདི་ལ་རྒྱུས་ཆ་མེད།།
ག་ཐད་མི་ཉེན་ད་དུང་ཁྱོད་ཀྱིས་འཆད་འགོ་བརྩམས།།
ཁ་སྐྱེངས་རང་ཚུགས་བསྐུམས་ནས་རྨི་ལམ་གྲོང་ཁྱེར་དུ།།
ཀ་མེད་དབང་གིས་འཆི་བདག་རྐུབ་ལ་དེད་བཞུར་བྱས།།
ཁ་རྒྱུན་སྲོལ་ལ་སྐྱེ་མཐའ་འདི་ནས་འཆི་ལ་རེད།།
ཀ་ཐོ་དབུགས་ཐེངས་བར་ལ་འཆི་བའི་ངོ་མཚར་རོ།།
ང་ཚོའི་ལས་དབང་ནི་མི་གཏན་ལྕགས་རི་ནང་དུ་འཛུལ་འཛུལ་ངང་ལ་འཆི་བ་དེ་ངོ་མཚར་ཆེ། ༢༡/༣/༧ ནངས་མོ་རིང་ཡིག་ཐོག་ཏུ་བཀོད།
«རྒན་མོ་ཚོར་བར་བཏགས་པ།»
དབྱར་ཁའི་གཡུ་མདོག་བརྒྱན་པའི་མེ་ཏོག་སེར་ཆེན།།
བདུད་ཀྱི་ཀློང་དུ་རྡོལ་བའི་སད་ཀྱིས་བཅོམ་ན།།
ལུས་ངན་འབའ་སྒྲ་ཞིག་གིས་ངུས་ལུགས་བྱས་ཏེ།།
གདོང་དམར་ས་རུ་འགྲེས་ནས་མྱ་ངན་འཕོང་འགྲོ།།
ལྷོ་ཕྱོགས་རྨ་བྱ་དར་ཚོ་བསྲིང་བའི་དུས་ན།།
ཉམས་འགྱུར་ཕྱོགས་བཞི་ཁེངས་པའི་འདོད་པ་ཡོད་ཀྱང་།།
མ་རུང་དུག་གི་འཆི་བདག་ཉེ་བའི་སྐབས་ན།།
ཉིན་མཚན་དབྱེར་མེད་ནང་གིས་གདུང་དེ་ཁྱེར་འདུག།
དར་ཚོ་ལོ་གདབ་བསྐྲམས་པའི་དུས་ཚོད་ཅིག་ལ།།
ཉམས་ཀྱི་ཕུང་པོ་བརྩེགས་པའི་དགོད་སྒྲ་འུར་ཡོང་།།
གྲིབ་སྲོད་འཆི་བདག་ཉེ་བའི་དུས་ཚོད་ཅིག་ལ།།
ཕྲེང་བརྒྱ་ལག་གིས་ཐོགས་པའི་དུང་སྨྲེང་ཕྱུར་རོ།།
སྐྲ་ལོ་དཀར་ཆེན་རི་བོ་གངས་མ་འདྲ་བཞིན།།
ཐོག་བརྩེགས་བཟུང་དུས་མེད་པར་དཀར་བཤམས་ཕྲེང་སོང་།།
མཉམ་གཉིས་རྣལ་དུ་སྦྱོར་ནས་བདག་མོ་འདྲ་བཞིན།།
དོན་གྱི་བདེ་སྐྱིད་མྱངས་པའི་སེམས་ཤིག་ཁྱེར་འདུག།།
འཇམ་པའི་ལོ་མ་མདོག་གིས་འགྱུར་བ་ཆེ་སོང་།།
འཇམ་ཤ་གཅིག་ཏུ་རུམ་ནས་གཉེར་མ་རྫོགས་སོང་།།
བགྲང་བྱ་གཅིག་ནས་བརྩིས་ན་དུས་ཚོད་ཡོལ་སོང་།།
ད་དུང་ཁྱོད་ཀྱིས་སྡོད་སྟངས་དེ་ལ་རྨད་འདོད།།
ལོ་ཚད་བརྒལ་བའི་རྒན་མོ་འགའ་ཞིག་མཐོང་མྱོང་།།
སྐྲུ་བ་རྒྱུག་མཁན་སློང་མོ་འགའ་ཞིག་མཐོང་མྱོང་།།
སྡུག་གིས་གཏམ་བརྒྱུད་བཤད་ནས་དཔེ་དེབ་སྐྲུན་ཐལ་།།
ངས་ཀྱང་ཁྱེད་འདྲ་བཞད་དགོད་རྨི་ལམ་རྨིས་འདོད།།
གཉེར་རིས་ཤ་ཡི་གསེང་གི་འཛུམ་སྟངས་དེ་ནས།།
སུམ་རྩེན་ལྷ་མོས་རྣམས་ཀྱང་འགྲན་ཟླ་བྲལ་སོང་།།
གོས་ཐུང་ཐབས་ཆག་འཚོ་བའི་བདེ་སྐྱིད་དེ་ནས།།
ཚེ་རིང་ལྷ་སྲས་རྣམས་ཀྱང་མ་འགྲན་ཆོག་རེད།།
ལག་གིས་ལྷོད་གདམས་བཟུང་བའི་ཐ་མག་རྐྱང་གཅིག།།
དྲི་དམེ་ཐ་དུ་སྲབ་མོས་བར་ལ་འཁྱམས་ནས།།
ཕྱི་མའི་འཕྲང་ལམ་གཟུགས་བརྙན་རྗེར་གཅེར་བྲིས་ཀྱང་།།
ད་དུང་ཁྱོད་ཀྱ་ཞེ་སྣང་གང་ན་ནུབ་རེད།།
རྒན་མོ་ཁྱོད་ལ་བལྟས་ནས་བསྟོད་བསྔགས་བརྗོད་འདོད།།
འཇིག་རྟེན་རྒན་མོ་དག་ལ་དགོད་སྒྲ་ཁེངས་ཤོག།
ཕྱི་མཛེས་ལྷ་མོས་དེ་དག་ཁྱོད་ལ་གུས་ན།།
སྨྱུག་ཐོགས་མདའ་སྨྱུག་ང་རང་ཅི་མི་གུས་རེད།།
༢༡/༣/༤ སྔོན་འགྲོའི་ཐུན་གྱི་བར་སེང་སྐབས་ན་རྒན་མོའི་ཡོན་ཏན་ལ་བཏགས་ནས་བྲིས་ཡིན།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-མདའ་སྨྱུག་བཞུར་པོའམ་ནུབ་ལྗོངས་མདའ་སྨྱུག་གི་བརྩམས་ཆོས་སྙན་ངག་གསུམ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།