ཡ་མཚན་ཅན་གྱི་རྨ་བྱ།
རྣམ་གླིང་གསེར་གྱི་གཞལ་ཡས་ཁང་ཆེན་གྱི་མདུན་དུ།།
གྲུབ་དབང་བླ་མའི་ཕོ་ཉ་རྨ་བྱ་ཡི་གཞོན་ནུ།།
དད་ལྡན་བུང་བའི་ཚོགས་རྣམས་སློབ་གླིང་ལ་འབུང་དུས།།
བལྟས་ན་མིག་ལ་མཛེས་པའི་ཡིད་འོང་གི་སྒྲོ་མདོངས།།
འདྲིས་ན་སེམས་ལ་མཛའ་བའི་ཞི་བདེ་ཡི་ཉམས་འགྱུར།།
རྨ་བྱའི་ཟློས་གར་དམ་བའི་ལྷ་ཆོས་ལ་ཕྱོགས་དུས།།
གྲུབ་དབང་བླ་མའི་གཟི་བྱིན་ལྷང་ལྷང་དུ་དྲན་སོང་།།
མགྲིན་རིང་མཐོན་མཐིང་མགོ་ལ་གཙུག་ཕུད་ཀྱིས་བརྒྱན་ཅིང་།།
མཆུ་ཅན་ཁྲ་ཆིལ་མིག་ལ་དཀར་ནག་གིས་ཐིགས་པས།།
རྐང་སྟབས་གར་བསྒྱུར་ས་ལ་སྒྲོ་གུར་དེ་འབུབས་ཚེ།།
གྲུབ་དབངབླ་མའི་གར་གྱི་སྟངས་སྟབས་ཀྱང་དྲན་བྱུང་།།
ན་ནིང་དུབ་བའི་ལོ་ཟླ་འཕྲང་རིང་ལ་འགྲིམ་བཞིན།།
ད་ལོ་དགྱེས་བའི་རྡོ་རྗེའི་མཆེད་གྲོགས་དང་མཇལ་ཚེ།།
དུང་སེམས་གཡུ་འབྲུག་སྔོན་མོའི་གླུ་སྒྲ་དེ་མེད་ཀྱང་།།
ལྷད་མེད་དྭངས་གཙང་གར་མཁན་ཕེབས་བསུ་དེ་མཚར་བྱུང་།།
༠༤།༠༣།༢༠༢༡
གསེར་དྲིལ་མེ་ཏོག
ཡིད་འཕྲོག་གསེར་དྲིལ་འཛུམ་པའི་གེ་སར་ཁྱེད།།
སུམ་རྩེན་ལྷ་ཡི་ཡུལ་ལ་ཅོ་འདྲི་ཞིང་།།
མི་ཡུལ་དག་པའི་ཞིང་དུ་སྒྲུན་བྱེད་པས།།
དྲི་བཞོན་ལྷ་མོ་བས་ཀྱང་སྐྱེངས་ཏེ་རྨས།།
སྡོང་ལོ་ས་ལ་ཟགས་པའི་མྱ་ངན་དང་།།
མེ་ཏོག་དགུང་ལ་བཞད་པའི་དགའ་བ་གཉིས།།
ངོ་ལྐོག་གཡོ་ལྷད་མི་ཡི་རང་གཤིས་ཀྱང་།།
ཇི་ལྟར་མངོན་པ་དེ་ལྟར་ཡིན་ལས་ཆེ།།
ནོར་འཛིན་དགའ་མས་བསུས་པའི་ཤིང་ལོ་ནི།
མདོ་མེད་མིག་འཚེར་ཕལ་གྱིས་རྡོག་པས་བརྫིས།།
སྔོ་བསངས་ནམ་མཁའི་དབྱིངས་ཀྱི་སེར་ཅན་ཁྱེད།།
འདོད་ལྡན་སྐྱེ་བོ་དག་གིས་ཟུར་མིག་འཕེན།།
མདུན་གྱི་ལམ་བུར་མཛེས་པའི་འཇའ་འོད་འཁྱིལ།།
རྒྱབ་ཀྱི་རྗེས་ཤུལ་མྱ་ངན་གཏམ་བརྒྱུད་བསྐྲུན།།
མདུན་རྒྱབ་འཁོད་མི་སྙོམ་པའི་ལས་དབང་ཡང་།
བརྟན་གཡོའི་འཁོར་བའི་གཤིས་ལ་སུ་ཞིག་བྱོལ།།
མེ་ཏོག་འདྲ་བའི་མི་བུ་བསོད་ནམས་ཅན།།
རྣམ་ཀུན་བདེ་ཞིང་མི་རྣམས་འཛུམ་གྱིས་བསུས།།
སྡོང་ལོ་འདྲ་བའི་འཇོན་མེད་ཉམ་ཆུང་ཚོ།།
ནམ་ཡང་གཉོམ་ཆུང་གཤིས་ཀྱིས་རྡོག་རོལ་ཐེབས།།
རྙིད་པའི་སྡོང་ལོ་ཉིས་སྟོང་ཉི་ཤུ་དེ།།
མྱ་ངན་གདུང་བའི་ནད་མུག་འཁྲུགས་རྩོད་མཚོན།།
བཞད་པའི་གེ་སར་སྟོང་ལོ་ཉེར་གཅིག་སྟེ།།
འོད་སྟོང་བདེ་ལེགས་ཕུན་ཚོགས་རྟེན་འབྲེལ་ཡིན།།
མི་རྟག་དུས་ཀྱི་འགྱུར་བག་རྒོད་པོའི་ཁྲོད།།
རྟག་བརྟན་ཐེར་ཟུག་མངོན་པའི་གསེར་དྲིལ་ཡང་།།
ཁ་ས་ཡོད་ལ་དེ་རིང་མེད་སྣང་འདིས།།
འཇིག་རྟེན་མཛེས་པའི་ཁམས་ལ་བརྡ་ཞིག་བསྟན།།
ཁེར་རྐྱང་མི་ཡུལ་འགྲིམས་པའི་ལག་རྗེས་ཀྱང་།།
གཞན་ཕན་བག་ཆགས་རྟེན་བཟང་མེ་ཏོག་ཁྱེད།།
ལན་ཅིག་འཛུམ་པའི་མོད་ལ་བདག་གྱུར་ཏེ།།
སྐྱེ་བོ་ཀུན་ལ་མཛེས་པའི་དཔལ་ཐོབ་ཤོག།
༢༦/༠༢/༢༠༢༡
_______________
རྩོམ་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-གཞན་ཕན་ཟླ་བའི་བརྩམས་ཆོས་སྙན་ངག་གཉིས།




No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།