རྫ་ཚེ་རིང་བཀྲ་ཤིས།
རེད་རེད།
ངས་ཀྱང་ཁོང་ཀློག་གིན་ཡོད།
ཁོང་ནི་དཔེ་དེབ་མ་ཡིན་པའི་དཔེ་དེབ་ཅིག་རེད།
ཁོང་ནི་ཀློག་དཀའ་བའི་དཔེ་དེབ་ཅིག་རེད།
ཁོང་ནི་གོ་བདེ་བའི་དཔེ་དེབ་ཅིག་རེད།
ཁོང་གི་ཤེས་རབ་དང་སྙིང་རྗེ།
ཁོང་གི་རིགས་ཞེན་དང་སྤོབས་པ།
ཁོང་གི་ཞི་དུལ་དང་བག་ཡོད།
ཁོང་གི་བཟོད་སྒོམ་དང་སྒམ་དཀྱེལ།
ཁོང་གི་ཐུགས་བསྐྱེད་དང་མཛད་བཟང་།
རེ་རེ་ནས་བཀླགས་པ་ཡིན།
བདུད་རྩི་བཞིན་འཐུང་བ་ཡིན།
ནངས་རེ་བཞིན་དུ་བཀླགས་པ་ཡིན།
ནུབ་རེ་བཞིན་དུ་ཀློག་གིན་ཡོད།
མ་གཞི་ཁོང་ནི་ཆ་མེད་ཀྱི་གླེགས་བམ་ཞིག་མ་རེད།
ཉིན་རྟག་པར་ང་ཚོ་ཚང་མས་ཀློག་གིན་ཡོད།
ཕྲིན་འཕྲན་དང་པོད་ཕྲན།
མགྱོགས་འཕྲིན་དང་ཐད་གཏོང་།
ཇ་ཁ་དང་ཆང་ཁ།
མཁས་གྲལ་དང་བླུན་ཚོགས།
ག་ས་གང་དུ་སོང་ཡང་ཁོང་ཀློག་མཁན་མང་པོ་འདུག
འདས་པའི་དུས་ན་བཀླགས་པ་བཞིན།
མ་འོངས་པ་ན་ཡང་བཀླག་པར་འགྱུར།
ཡིན་ན་ཡང་།
ཀློག་སྟངས་གཏན་ནས་འདྲ་གི་མི་འདུག
འགའ་རེས་ཐད་ལ་ཀློག
འགའ་རེས་ཐུར་དུ་ཀློག
འགའ་རེས་གྱེན་ལ་ཀློག
གཅོད་མཚམས་མི་འདྲ་ལ་སྒྲ་གདངས་ཡང་མི་གཅིག
གོ་རིམ་མི་འདྲ་ལ་རྒྱས་བསྡུས་ཀྱང་མི་འདྲ།
ཡིག་ངོ་ཆོད་པ་ཚོ་ནང་བཞིན།
ཡིག་ངོ་མི་ཤེས་པ་ཚོས་ཀྱང་ཤར་རེར་ཀློག་གིན་འདུག
སྐད་གདངས་ལྷག་ཏུ་མཐོ།
དྲན་པ་རྣལ་དུ་གནས་པ་ཚོ་ནང་བཞིན།
ཆང་གིས་ར་རོ་བ་ཚོས་ཀྱང་ཁ་བྱང་ལྕེ་བྱང་དུ་ཕྱིན་འདུག
མཆན་འགྲེལ་ལྷག་ཏུ་མང་།
གང་ལྟར་ཚང་མས་ཁོང་ཀློག་གིན་འདུག
དེ་ནི་དུས་རབས་འདིའི་མགོ་སྟོད་ཀྱི་བོད་པ་ཚོའི་ངག་ན།
ཉིན་ལྟར་ཀློག་དགོས་པ་ཞིག་ཆགས་འདུག
ཡིན་ན་ཡང་།
གཅོད་མཚམས་མ་ནོར་བར་ཀློག་མཁན་ཉུང་བར་སྣང་།
ཟུར་ཕྱིན་པའི་ཀློག་པ་པོ་ནི་དེ་བས་ཉུང་།
ཚིག་རྗེས་དོན་དྲན་གྱི་ཀློག་པ་པོ་ནི་ཧ་ལམ་མེད།
ཚིག་དོན་ཀློང་དུ་གྱུར་པ་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན།
ང་རང་ཉིད་ཀློག་པ་པོ་བཟང་པོ་ཞིག་མིན་ན་ཡང་།
ངས་ཁོང་ཉིད་བཀླགས་ནས་རིང་ཞིག་ལོན།
ད་དུང་ཡང་ཀློག་གིན་ཡོད།
ཁོར་ཡུག་སྐད་ཅོར་ཚ་ས་ནས་ཀྱང་ཀློག་མཚམས་བཞག་མེད།
བཀླགས་ཀྱིན་བཀླགས་ཀྱིན་ཧ་ཅང་སྐྱིད་དུ་ཚོར།
ཡིག་འབྲུ་རེ་བཞིན་འོད་དུ་འཚེར་བ་མཐོང་།
དུད་འགྲོའི་རང་དབང་གི་ཉིན་མོར་ཁོང་ཀློག་གིན་ཡོད།
སྐད་ཡིག་སྲུང་སྐྱོབ་ཀྱི་ཉིན་མོར་ཁོང་ཀློག་གིན་ཡོད།
ཨེ་ཙི་སྔོན་འགོག་གི་ཉིན་མོར་ཁོང་ཀློག་གི་ཡོད།
མི་རིགས་རིག་གནས་ཀྱི་ཉིན་མོར་ཁོང་ཀློག་གི་ཡོད།
སྒེར་གྱི་མི་ཚེའི་ལམ་སྟོན་གྱི་ཆེད་དུ་ཁོང་ཀློག་གིན་ཡོད།
སྤྱི་ཡི་དུས་ཀྱི་ཁ་ཕྱོགས་ཀྱི་ཆེད་དུ་ཁོང་ཀློག་གིན་ཡོད།
མདོར་ན།
ང་རང་ཉིད་མི་ཚེ་འདིར་ཁོང་གི་ཀློག་པ་པོ་ཞིག་ཏུ་གྱུར་པ་ནི་ངའི་བསོད་ནམས་ཡིན།
འཛམ་གླིང་དཔེ་ཀློག་གི་ཉིན་མོའི་དཔེ་ཀློག་དང་ཐད་ཀར་མ་འབྲེལ་བ་ལྟར་སྣང་ན་ཡང་། ད་ལྟ་རང་དྲ་རྒྱབ་ནས་དྲ་གྲོགས་གླིང་ཚང་མདའ་སྨྱུག་ཞུ་བས་འདི་འདྲ་པོ་ཞིག་བྲིས་འདུག་པ་མཇལ་བའི་རྐྱེན་བྱས་ཏེ། ཉམས་མཚར་ཙམ་དུ་འབྲི་འདོད་བྱུང་བ་ལྟར་དེ་མ་ཐག་ཡི་གེར་བཏགས་སོ། །རྫ་ཚེ་རིང་བཀྲ་ཤིས་ཀྱིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-«ངས་ཀྱང་ཁོང་ཀློག་གིན་ཡོད།» འཛམ་གླིང་དཔེ་ཀློག་གི་ཉིན་མོར།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།